ཁྲམ་པ་ཚོགས་པ་ཞིག་གིས་སློབ་གྲྭའི་ཆ་འཕྲིན་དཀར་ཆག་དང་སློབ་ཡོན་སོགས་ཀྱི་མིང་ཐོག་ནས། ཁ་པར་ས་ཚུགས་རྫུན་མ་དང་འཕྲིན་ཐུང་ཚོགས་སྐུར་སོགས་འཕྲུལ་ཆས་ཡོ་ཆས་བརྒྱུད་དེ། དུག་ཡོད་པའི་ཆ་འཕྲིན་དྲ་རྒྱའི་སྦྲེལ་ཐག་བསྐུར་ནས། ཁ་པར་བདག་པོས་དྲ་རྒྱ་ཁ་ཕྱེ་རྗེས། དུག་ལྡན་ཆ་འཕྲིན་རང་འགུལ་ངང་སྒྲིག་སྦྱོར་བྱས་ནས། ཁ་པར་བདག་པོའི་ཁ་པར་ཚོད་འཛིན་བྱེད་པ་དང་། ཁ་པར་བདག་པོའི་མི་སྒེར་གྱི་ཆ་འཕྲིན་བརྐུས་རྗེས། ཁ་པར་བདག་པོ་དང་ཉེ་གྲོགས་ལ་མགོ་སྐོར་བསླུ་བྲིད་བྱས།
སློབ་བསྡུའི་བརྡ་ཐོ།
ཁྲིམས་འགལ་མི་སྣས་བསམ་བཞིན་དུ་དྲ་རྒྱའི་སློབ་གསོ་དང་དར་མའི་སློབ་གསོ། རང་སྦྱོང་ཡིག་ཚད། ཕྱི་རྒྱལ་དང་མཉམ་འབྲེལ་གྱིས་སློབ་གྲྭ་གཉེར་བའི་རྣམ་གྲངས་དང་མཐོ་རིམ་སློབ་བརྒྱུད་སློབ་གསོའི་ཁྱད་པར་བསྲེས་དཀྲུག་བྱས་ཏེ། ཡིག་ཚད་གཏོང་མཁན་ལ་སློབ་བསྡུའི་བརྡ་ཐོ་བསྐུར་ནས། ཡིག་ཚད་གཏོང་མཁན་དང་ཁྱིམ་བདག་མགོ་སྐོར་བསླུ་བྲིད་བྱས་ནས། སློབ་ཁུངས་འགུག་པ་དང་རྒྱུ་ནོར་མགོ་སྐོར་བཏང་།
སློབ་ཞུགས་རོགས་དངུལ་གྱི་བསླུ་བྲིད།
ཁྲམ་པས་རང་ཉིད་ནི་སློབ་གསོ་ཅུས་ཀྱི་ལས་བྱེད་མི་སྣ་ག་གེ་མོ་ཞིག་ཡིན། དབུལ་ཕོངས་སློབ་མ་ལ་དམིགས་པའི་སློབ་ཞུགས་རོགས་དངུལ་ཡོད་པ་བཤད་ནས། དངུལ་དེ་ནི་དངུལ་བྱང་ནང་བརྒྱབ་ཟིན་པའི་རྫུནབཤད་ནས། ཁྱིམ་བདག་ཚོ་དངུལ་ཁང་དུ་སོང་ནས་ATMའཕྲུལ་ཆས་བརྒྱུད་དེ་བརྒྱུད་སྤྲོད་དགོས་པ་དང་། བརྒྱུད་སྤྲོད་གོ་རིམ་ཁྲོད་འབྲེལ་ཡོད་གླ་རིན་སྤྲོད་དགོས་པ་ལ་ཁ་གཡར་ནས་རྒྱུ་ནོར་མགོ་སྐོར་བཏང་།
ཕྲུ་གུ་སྨན་ཁང་དུ་སྡོད་ཡོད་ཅེས་རྫུན་ལབ་པ།
ཁྲམ་པས་སློབ་གྲྭའི་སློབ་སྟོན་ཁྲུའུ་ཡི་དགེ་རྒན་གྱི་མིང་ཐོ་ནས་སློབ་མའི་ཁྱིམ་བདག་ལ་ཁ་པར་བཏང་ནས། ཁྱེད་ཀྱི་ཕྲུ་གུ་སློབ་གྲྭ་སླེབས་མ་ཐག་ཡིན་ཞིང་། གཟུགས་པོ་མི་བདེ་བ་སོགས་ཀྱི་གནས་ཚུལ་བྱུང་ནས་སྨན་ཁང་དུ་སྡོད་དགོས་ཐུག་ཅིང་། མགྱོགས་མྱུར་དུ་སྨན་བཅོས་རིན་པ་སྤྲོད་དགོས་ཞེས་རྫུན་བཤད་ནས། ཁྱིམ་བདག་འཚབ་འཚུབ་ཀྱི་གནས་ཚུལ་འོག་དངུལ་ཁང་དུ་འགྲོ་ནས་དངུལ་བརྒྱུད་སྤྲོད་བྱེད་དགོས་པའི་མགོ་སྐོར་བསླུ་བྲིད་བྱེད།
ཁ་པར་གྱི་བྱང་བུ་བཟོ་བ།
སློབ་ཆེན་སློབ་མ་ཁག་གཅིག་གིས་ཚད་ལྡན་མིན་པའི་བརྒྱུད་འཚོང་ཁང་ནས་ཁ་པར་བྱང་བུ་ཉོས་རྗེས་ཁ་བསླུས་རྒྱག་པའི་ཁ་པར་དང་གད་སྙིགས་འཕྲིན་ཐུང་འབྱོར་གྱིན་ཡོད། ལ་ལར་འབྱོར་བའི་ཁ་པར་གྱི་ནང་དོན་གྱིས་སློབ་གྲོགས་གསར་པའི་སློབ་ཡོན་དང་འཚོ་བའི་འགྲོ་གྲོན་སོགས་ལ་རོགས་སྐྱོར་བྱེད་པའི་རྒྱུ་མཚན་དུ་བྱས་ནས་དངུལ་ཁང་བྱང་བུའི་ཨང་གྲངས་ཀྱི་གསང་བའི་ཨང་གྲངས་གཡོ་ལེན་བྱེད་ཀྱི་ཡོད་པ་རེད། ད་དུང་ཁ་པར་བརྒྱབ་ནས་རང་ཉིད་ལ་སློབ་གསོ་པུའུའམ་སློབ་གྲྭས་སློབ་ཡོན་ཕྱིར་སློག་བྱེད་པ་སོགས་ཀྱི་མིང་ཐོག་ནས་སློབ་མར་བྱང་བུའི་ཨང་གྲངས་དང་གསང་བའི་ཨང་གྲངས་མཁོ་འདོན་བྱེད་དུ་བཅུག་ནས་ཁ་བསླུས་རྒྱག་གི་ཡོད།
གདན་ཞུ་གཅིག་ལྕོགས།
སློབ་མ་ཁག་ཅིག་གིས་གཅིག་ལྕོགས་ལས་ཀ་འཚོལ་འདོད་ཀྱིན་ཡོད་པས། ཁྲམ་པས་གནས་ཚུལ་འདི་རིགས་ལ་དམིགས་ནས། ལག་ཁྱེར་ཁ་པར་དང་དྲ་རྒྱ་སོགས་སྨྱན་སྦྱོར་བེད་སྤྱོད་ནས། བརྡ་ཁྱབ་རྫུན་མ་སྤེལ་ནས་གཅིག་ལྕོགས་ལས་མི་བསྡུ་ནས། སློབ་མ་ནས་གྲངས་ཀ་ངེས་ཅན་གྱི་གཏའ་མ་དང་ད་དུང་འགན་ལེན་དངུལ་ལེན་པ་རེད།
“སློབ་རའི་དངུལ་བུན”གྱི་མགོ་སྐོར།
སློབ་རའི་དངུལ་བུན་མགོ་སྐོར་ལ་རིགས་གསུམ་ཡོད་དེ།
①“གཏའ་མ་འཇོག་མི་དགོས་པ། སྐྱེད་དམའ་པོ”ལ་བརྟེན་ནས་སློབ་མ་ལ་དངུལ་བུན་ལེན་པ་བསླུ་བྲིད་བྱས་ནས། དངུལ་བུན་ལེན་པའི་འགྲོ་གྲོན་དང་། དོ་དམ་རིན་པ། འགན་ལེན་རིན་པ་སོགས་སྤྲོད་དགོས་པའི་བླང་བྱ་བཏོན།
②གསོ་སྦྱོང་བྱེད་པ་བརྒྱུད་ཕྱོགས་བསྡུས་ནུས་རྩལ་ཇེ་མཐོར་གཏོང་ཞེས་བཤད་པ་ལ་བརྟེན་ནས། གསོ་སྦྱོང་གི་ནུས་པ་འུར་སྒྲོག་བྱས་ནས། གསོ་སྦྱོང་གན་རྒྱ་ལ་མིང་རྟགས་བཀོད་པ་དང་། སློབ་མ་ལ་དངུལ་བུན་ལེན་ནས་སློབ་ཡོན་སྤྲོད་རྒྱུ་བསླུ་བྲིད་བྱས་པ།
③གཅིག་ལྕོགས་ལས་ཀ་དང་ཟུང་འབྲེལ་བྱས་ནས། སློབ་མ་ལ་དངུལ་བུན་ལེན་ནས་ལག་ཁྱེར་ཁ་པར་སོགས་ཐོན་རྫས་“ཕྱིར་འཚོང་ལས་ཚབ། ”བྱེད་བཅུག་ནས། དངུན་བུན་གྱི་སྐྱེད་ཀ་དང་དུས་འགྱངས་ཆད་དངུལ་ཧ་ཅང་མཐོ་པོ་ཡོད། སློབ་མ་གལ་ཏེ་དུས་ཐོག་བུན་ལེན་མི་སྤྲོད་ན། མགྱོགས་མྱུར་དུ་དང་ལེན་བྱེད་མི་ཐུབ་པའི་བུ་ལོན་གནོན་ཤུགས་སྤྲོད་རྒྱུ་རེད།
ཕ་ཡུལ་གཅིག་པ་ཡིན་ཁུལ་བྱེད་པ།
སློབ་གྲྭར་ཞུགས་མ་ཐག་ཏུ། སློབ་མ་གསར་པ་ཕན་ཚུན་ངོ་ཤེས་ཀྱིན་མེད། ཁྲམ་པས་དེ་བེད་སྤྱོད་ནས། སློབ་མ་གསར་པའམ་ཕ་ཡུལ་གཅིག་པ་ཡིན་ཁུལ་བྱས་ནས་སློབ་མར་ཉེ་བཅར་བྱས་ཏེ། ཁོང་ཚོའི་ཡིད་རྟོན་ཐུབ་པར་བྱས་ནས། སློབ་ཡོན་སྤྲོད་རོགས་ཀྱི་གོ་སྐབས་ལ་བརྟེན་ནས་སློབ་མའི་རྒྱུ་ནོར་བསླུ་བྲིད་བྱེད།
དགེ་རྒན་ཡིན་ཁུལ་བྱེད་པ།
ཁྲིམས་འགལ་མི་སྣས་སློབ་འགོ་འཚོགས་པའི་དུས་དགེ་རྒན་ནམ་ཁྱིམ་བདག་ཡིན་ཁུལ་བྱས་ནས། སློབ་ཁང་དུ་ཡོང་ནས། འཛིན་གྲྭའི་དངུལ་དང་ཡིག་ཆ་སོགས་ཀྱི་རིན་པ་འདྲ་མིན་སྣ་ཚོགས་བསྡུས་རྗེས་ག་སོང་ཆར་མེད་དུ་གྱུར་པ།
འགྲེམ་ཚོང་གི་ཉེན་ཁ།
ཁྲམ་པས་འགྲེམ་ཚོང་བྱེད་པའི་དངོས་རྫས་དང་སློབ་མ་གསར་པའི་སློབ་སྦྱོང་འཚོ་བ་དང་འབྲེལ་བ་དམ་པོ་ཡོད་པ་སྟེ། དཔེར་ན། ཡིག་ཆས་དང་ལག་འཁྱེར་ཁ་པར། རྩིས་འཕྲིན་སོགས་རེད། འདི་རིགས་འགྲེམ་ཚོང་མང་ཤོས་ནི་ཐོན་རྫས་རྫུན་མ་ཤ་སྟག་རེད། འཚོང་ཚར་རྗེས་སླར་འགྲེམ་ཚོང་མཁན་དང་འབྲེལ་བ་བྱེད་ཐུབ་དཀའ་ཞིང་། འཚོང་རྗེས་ཀྱི་འགན་སྲུང་དེ་བས་ཀྱང་ཡོད་མི་སྲིད།
ཉེན་རྟོག་ཕྱོགས་ཀྱི་དྲན་བརྡ།
1.ངོ་མི་ཤེས་པའི་མིའི་སྐད་འཕྲིན་དང་QQདོན་མེད་ངང་འབྲེལ་བ་མི་འཛུགས་པ།
2.མི་སྒེར་གྱི་ཆ་འཕྲིན་(ཐོབ་ཐང་ལག་འཁྱེར། དངུལ་བྱང་། གསང་གྲངས། ས་གནས། ཁ་པར་ཨང་གྲངས་སོགས)གང་མོས་ཀྱིས་མཁོ་འདོན་མི་བྱེད་པ། མི་གཞན་གྱིས་ཁྱེད་ཀྱིས་ཆ་འཕྲིན་ལ་བརྟེན་ནས་རྒྱུ་ནོར་རྐུ་བར་སྔོན་འགོག་བྱེད་དགོས།
3.ལས་སླ་བོའི་ངང་དངུལ་མི་སྤྲོད་པ། དུས་དང་རྣམ་པ་ཀུན་ཏུ་དྲན་པ་གསལ་པོ་བྱེད་པ་དང་། དོགས་གཞི་ཅན་ཞིག་ཤེས་པ་ནས་བཟུང་མགྱོགས་པོར་དགེ་རྒན་དང་ཕ་མ་ལ་གསལ་བཤད་བྱེད་དགོས།
4.ཁེ་ཕན་ཆུང་ཆུང་རག་ཐབས་མི་བྱེད་པ། ལས་ཀ་གཅིག་ལྕོགས་བྱེད་དུས་ལས་སླ་བོའི་ངང་གླ་ཕོགས་མཐོ་བའི་ལས་ཀ་གཅིག་ལྕོགས་དང་དངུལ་ལམ་སེང་བསགས་ཐུབ་པའི་ཐབས་ཤེས་ཟེར་བ་དག་ལ་ཡིད་ཆེས་མི་བྱེད་རུང་།
5.ལས་སླ་བོ་ངང་ངོ་མི་ཤེས་པའི་འཕྲིན་ཐུང་གི་དྲ་སྦྲེལ་ཁ་ཕྱེ་མི་ཉན།
རྩོམ་སྒྲིག་པ། སྣང་རྡོར།