ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

བྱིས་པའི་གཟུགས་པོར་བརྟག་དཔྱད་བྱེད་སྐབས་བླང་བྱ་འདི་འདྲ་བཏོན་འདུག

སྤེལ་དུས 2021-08-23 ཡོང་ཁུངས། མི་དམང་དྲ་བ། རྩོམ་པ་པོ།
         ཉེ་ཆར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བརྡ་ཐོ་བཏང་ནས་བྱིས་པའི་ཚད་ཉུང་གཞི་རྒྱུ་ཞིབ་དཔྱད་ཚད་ལེན་ཐད་ཀྱི་ལྟ་སྐུལ་ཁྲིམས་འཛིན་ལས་དོན་ལ་ཤུགས་རྒྱག་དགོས་པ་དང་། ཚད་ཉུང་གཞི་རྒྱུ་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་དེ་གཟུགས་པོར་བརྟག་དཔྱད་ཀྱི་ཡོངས་བཤེར་རྣམ་གྲངས་ནང་འཇོག་མི་རུང་བའི་བླང་བྱ་བཏོན་པ་རེད། 
         བརྡ་ཐོའི་ནང་རིམ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་ནད་བརྟག་སྨན་བཅོས་ཚད་ལྡན་དང་། ནད་ཐོག་སྨན་བཅོས་ཀྱི་ནད་བརྟག་སྨན་བཅོས་ཕྱོགས་སྟོན། ནད་ཐོག་སྨན་བཅོས་ཀྱི་ལག་རྩལ་བཀོལ་སྤྱོད་ཚད་གཞི། ལས་རིགས་ཀྱི་ཚད་གཞི་སོགས་ཀྱི་བླང་བྱ་གཞིར་བཟུང་། བྱིས་པའི་ཚད་ཉུང་གཞི་རྒྱུའི་ཞིབ་དཔྱད་ལས་དོན་ཚད་ལྡན་དུ་གཏོང་བ་དང་། ནད་དཔྱད་སྨན་བཅོས་ཀྱི་དགོས་མཁོ་མིན་ཚེ་བྱིས་པར་ཚད་ཉུང་གཞི་རྒྱུའི་ཞིབ་དཔྱད་ཚད་ལེན་བྱེད་མི་ཆོག་པ་དང་། ཚད་ཉུང་གཞི་རྒྱུ་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་དེ་ཡོངས་ཁྱབ་ཞིབ་བཤེར་སོགས་ཀྱི་རྣམ་གྲངས་ལ་བརྩི་མི་ཆོག་པའི་བླང་བྱ་བཏོན་པ་རེད། ས་གནས་རིམ་ཁག་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་བྱིས་པའི་ཚད་ཉུང་གཞི་རྒྱུ་ཞིབ་དཔྱད་ཚད་ལེན་གྱི་ལྟ་སྐུལ་ཁྲིམས་འཛིན་ལས་དོན་ལ་ཤུགས་བརྒྱབ་སྟེ། གོང་གསལ་གྱི་གཏན་འབེབས་ལས་འགལ་ནས་ཞིབ་དཔྱད་ཚད་ལེན་བྱེད་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་སྨན་དོན་མི་སྣར་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱེད་དགོས། རང་རྒྱལ་གྱིས་2013ལོ་ནས་བཀྲམས་པའི《བྱིས་པའི་ཚད་ཉུང་གཞི་རྒྱུ་ནད་ཐོག་ཏུ་ཞིབ་དཔྱད་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》ནང“ཚད་ཉུང་གཞི་རྒྱུ་ཞིབ་དཔྱད་བྱ་རྒྱུ་དེ་གཟུགས་པོར་བརྟག་དཔྱད་སོགས་ཀྱི་ཡོངས་བཤེར་རྣམ་གྲངས་དང་ལྷག་པར་དུ་ཟླ་6མན་གྱི་ཕྲུ་གུར་མི་འཚམ་”ཞེས་ཁ་གསལ་བསྟན་ཡོད། འོན་ཀྱང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་བྱིས་པའི་ཚད་ཉུང་གཞི་རྒྱུ་ཞིབ་དཔྱད་ཚད་ལྡན་མིན་པའི་གནས་ཚུལ་སྔར་བཞིན་གནས་ཡོད།
རྩོམ་སྒྲིག་པ། སྣར་རྡོར།