ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སློབ་སྒོ་ནན་པོ་སྲུང་དགོས།

སྤེལ་དུས 2022-03-14 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        སློབ་གསོ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་3ཚེས་9ཉིན་སློབ་གསོ་པུས་2022ལོའི་རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་བཀོད་གཏོང་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་དང་ལྷོད་གཡེང་གཏན་ནས་གཏོང་མི་རུང་བའི་ཐོག་ནས་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུ་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག་མིག་སྔའི་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་དཔྱིད་དུས་ཀྱི་སློབ་དུས་འགོ་ཚུགས་རྗེས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དང་ཟུང་འབྲེལ་བྱས་ནས་སློབ་གསོའི་ཁོངས་གཏོགས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་སྒྲིག་བྱས་པ་རེད།
       གཅིག རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སློབ་གྲྭའི་སྒོ་མོ་ནན་སྲུང་བྱ་དགོས། དགེ་སློབ་དང་ལས་བཟོ་པ་རྣམས་སློབ་གྲྭར་སྐྱོད་སྐབས་ཐོབ་ཐང་ཞིབ་བཤེར་དང་། གཟུགས་པོའི་དྲོད་ཚད་ཞིབ་དཔྱད། བདེ་ཐང་ཨང་རྟགས་བཤེར་འཇལ། འགྲོ་སྐྱོད་བྱང་བུར་ལྟ་ཞིབ་ནན་པོ་བཅས་བྱེད་དགོས།
       གཉིས། བདེ་ཐང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་དགོས། སློབ་གྲྭའི་གཙོ་གནད་ཚོགས་རའི་ལས་དོན་མི་སྣའི་བདེ་ཐང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། སློབ་མའི་ཞོགས་པའི་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་བྱེད་པ། དགེ་སློབ་ཀྱི་བདེ་ཐང་གནས་ཚུལ་ལ་དོ་ཁུར་ནན་མོ་བྱེད་པ། ཞོགས་པ་བཞིའི་བླང་བྱ་དོན་འཁྱོལ་བཅས་བྱེད་དགོས།
       གསུམ། དགེ་སློབ་མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། སློབ་རའི་ཕྱི་ནང་ཚང་མར་མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། འགོག་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བཅས་བྱེད་དགོས།
       བཞི། ཁྱིམ་ཚང་དང་སློབ་གྲྭའི་མཐུན་སྦྱོར་སྔོན་འགོག་ཚོད་འཛིན་མཐའ་འཁྱོངས་བྱེད་དགོས། དགེ་སློབ་ལས་བཟོ་པ་དང་དེའི་ཐུན་མོང་གི་གནས་སྡོད་མི་སྣའི་བདེ་ཐང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་ལྷག་པར་དུ་ཁྱིམ་ཚང་གི་ཁོངས་མི་ཕྱི་རྒྱལ་དང་ཉེན་ཁ་ཆེ་བའི་ས་ཁུལ་ནས་ཕྱིར་ལོག་བྱེད་པའི་གནས་ཚུལ་འཕྲལ་མར་སྙན་སེང་ཞུ་དགོས།
       ལྔ། གཙོ་གནད་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས། སློབ་གྲྭའི་ཟ་ཁང་དང་། ཉལ་ཁང་། སློབ་ཁང་།དཔེ་མཛོད་ཁང་། ལུས་རྩལ་ཁང་། ཚོད་ལྟ་ཁང་། སྤྱི་པའི་གསང་སྤྱོད་སོགས་སློབ་གྲྭའི་ནང་གི་གཙོ་གནད་གནས་ཡུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་ཁོར་ཡུག་དུག་སེལ་དང་། རླུང་རྒྱུ་བ། གཙང་སྦྲ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། 
       དྲུག ནད་རིགས་མང་པོ་མཉམ་འགོག་དང་མི་དང་། དངོས་པོ། ཁོར་ཡུག་བཅས་ཀྱི་ནད་ཡམས་སྔོན་འགོག་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། དཔྱིད་དུས་རྒྱུན་ཐོན་མང་བའི་འགོས་ནད་རིགས་སྔོན་འགོག་ཚོད་འཛིན་བྱས་ནས་གཙོ་གནད་ཁོར་ཡུག་དང་རེག་ཐུག་དངོས་པོའི་ཕྱི་ངོས་གཙང་སེལ་བྱེད་དགོས།
       བདུན། འཕྲལ་སྡོམ་ཐག་གཅོད་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། གློ་བུར་དུ་ཐོན་པའི་སློབ་གྲྭའི་ཏོག་གསར་གློ་ཚད་རིམས་ནད་འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་། འཕྲལ་སྡོམ་ནང་སྦྱོང་བྱས་ཏེ་འཕྲལ་སྡོམ་སྔོན་ཇུས་དུས་ཐོག་ཏུ་ལག་བསྟར་ཐུབ་པར་འགན་ལེན་བྱེད་དགོས།
       བརྒྱད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས། བསམ་བློའི་ཚད་ཐིག་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱོན་ཆ་ཞིབ་བཤེར་དང་ཞན་ཆ་ཁ་གསབ་བཅས་བྱས་ཏེ། སློབ་གྲྭའི་སློབ་གསོ་སློབ་ཁྲིད་དང་། རྒྱུགས་ལེན་བྱེད་སྒོ། དོ་དམ་ཞབས་ཞུ་སོགས་ཀྱི་ལས་དོན་སྣ་ཚོགས་སྤེལ་བར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་དང་མཐུན་པར་ཁག་ཐེག་བྱ་དགོས། 
རྩོམ་སྒྲིག་པ། སྣང་རྡོར།