དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

དེང་རབས་སྐད་བརྡ་རིག་པའི་མཐོང་སྣེ་ནས་ལྗོངས་ཞིང་ལྔའི་མཉམ་སྒྲིག་སློབ་གཞི་ཁྲོད་ཀྱི་སློབ་ཆུང་སློབ་མའི་བོད་ཡིག་གི་བསླབ་དེབ་ལ་རགས་ཙམ་དཔྱད་པ།

སྤེལ་དུས 2021-03-10 ཡོང་ཁུངས། བོད་ལྗོངས་སློབ་གསོ། རྩོམ་པ་པོ། འཇིགས་བྱེད་སྐྱབས། བཀྲ་ཤིས་ཚེ་རིང་།

              [ནང་དོན་གནད་བསྡུས།]  རྩོམ་འདིས་ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་པའི་སློབ་ཆུང་སློབ་མའི་བོད་ཡིག་གི་བསླབ་དེབ་བརྟག་དཔྱད་བྱ་ཡུལ་ཏུ་བྱས་ཏེ།  གཙོ་བོ་སྐད་བརྡ་རིག་པའི་གཞུང་ལུགས་ལ་གཞི་བཅོལ་ནས་དེ་རུ་བཀོལ་པའི་སྐད་བརྡའི་བརྡ་ཆད་འགར་དཔྱད་ཡོད་ཅིང་།  བསླབ་དེབ་ཁྲོད་ཀྱི་བརྡ་ཆད་ཅིག་ཡིན་ན།  དེ་ལ་བེད་སྤྱོད་ཀྱི་ཆ་ནས་གཅིག་གྱུར་དང་ཞིབ་ཚགས་རང་བཞིན(精确性)ལྡན་དགོས་པ་དང་།  གཞུང་ལུགས་ཀྱི་ཆ་ནས་ཚན་རིག་རང་བཞིན་ལྡན་དགོས་པའི་ལྟ་ཚུལ་བརྗོད་པའི་མུར།  བོད་ཡིག་ཁྲོད་ཀྱི་དོན་མིང་ཅན་གྱི་བརྡ་ཆད་རྣམས་ལ་མ་ལག་མི་འདྲ་བའི་ཟུར་ནས་མིང་སོ་སོར་བཏགས་ཏེ་སློབ་མ་ཚོར་གོ་བདེ་བར་བྱེད་དགོས་པ་དང་།  ཆབས་གཅིག་བོད་རིགས་སློབ་མ་ཚོར་སློབ་ཆུང་ནས་མགོ་བརྩམས་ཏེ“མིང་གི་འདུ་ཤེས” (“词”意识)ཆགས་དགོས་པའི་གལ་ཆེན་རང་བཞིན་བཅས་གླེང་ཡོད།

             [ཐ་སྙད་གཙོ་བོ།] བོད་ཡིག་བསླབ་དེབ། བརྡ་ཆད། ཡི་གེ  མིང་།

             དང་པོ།  གླེང་གཞི།

             དེ་ཡང་ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་པའི《ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི —འགན་འབབ་སློབ་གསོའི་བསླབ་ཚན་སློབ་དེབ སྐད་ཡིག》ཅེས་པ་ནི་ད་ལྟ་དངོས་སུ་ལག་ཏུ་བསྟར་བཞིན་པའི་བོད་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སློབ་མ་ཚོའི་བོད་ཡིག་གི་བསླབ་དེབ་ཡིན།  ཏང་གི་སྲིད་ཇུས་བཟང་བོའི་འོག་ཏུ་ད་ལྟ་བོད་རིགས་ས་ཆའམ་ཡང་ན་བོད་རིགས་འདུས་སྡོད་ས་ཆ་མང་ཆེ་ཤོས་སུ་བོད་ཡིག་སློབ་གྲྭའམ་མི་རིགས་སློབ་གྲྭ།  ཡང་ན་སྤྱིར་བཏང་སློབ་གྲྭ་རུ་བོད་སྐད་ཡིག་གི་བསླབ་ཚན་བཀོད་སྒྲིག་བྱས་ཤིང་བསླབ་དེབ་འདི་ཉིད་སློབ་གཞིར་བྱས་ཏེ་བོད་རིགས་སློབ་མ་ཚོར་བོད་ཀྱི་སྐད་དང་རིག་གནས་སྦྱོང་བའི་ཆ་རྐྱེན་ལེགས་པོ་བསྐྲུན་ཡོད།  དེའང་སློབ་ཆུང་ནས་མཐོ་འབྲིང་མཐར་ཕྱིན་གྱི་བར་ཏུ་ལོ་རིམ་གཅིག་ལ་སྟོད་སྨད་ཆ་ཞེས་དེབ་གཉིས་གཉིས་སུ་བྱས་ནས་ཁྱོན་བསྡོམས་དེབ་ཉེར་བཞིའི་བདག་ཉིད་ཅན་དུ་བྱས་ཀྱང་།  རྩོམ་འདིའི་བརྟག་དཔྱད་བྱ་ཡུལ་ནི་སློབ་ཆུང་སློབ་མའི་བོད་ཡིག་གི་བསླབ་དེབ་ཡིན་ན།  འདི་ནས་གཙོ་བོར་དེ་ལ་དཔྱད་པར་བྱ།  སློབ་ཆུང་སློབ་མའི་བོད་ཡིག་གི་སློབ་གཞིར་བསྡོམས་པས་དེབ་བཅུ་གཉིས་བཀོད་སྒྲིག་བྱས་ཡོད་ཅིང་།  དེ་དག་ནི་སློབ་མའི་ངེས་འཛིན་གྱི་ནུས་པ་དང་སྐད་ཡིག་སློབ་སྦྱོང་གི་ཆོས་ཉིད་ལྟར་དུ།  ཐོག་མར་སློབ་ཞུགས་སློབ་གསོ་དང་།  དེ་ནས་དབྱངས་གསལ་ངོས་འཛིན།  དབྱངས་གསལ་སྦྱོར་ཚུལ།  སྔོན་འཇུག་རྗེས་འཇུག་དང་མགོ་ཅན་འདོགས་ཅན་སྦྱོར་ཚུལ།  དེ་ནས་རིམ་བཞིན་མིང་དང་མིང་གི་གྲུབ་ཚུལ།  དེའི་འཕྲོར་རི་མོ་སོགས་ལ་བརྟེན་ནས་མིང་གི་འབྲི་ཀློག  དེའི་རྗེས་གནའ་གཏམ་མམ་གཏམ་རྒྱུད་ཐུང་གྲས་སོགས་བརྒྱུད་ནས་ཚིག་གི་སྦྱོར་ཚུལ།    དེའི་གཞུག་ཏུ་རིམ་བཞིན་ཚིག་སྣ་ཅུང་རིང་གྲས་ཀྱི་རྩོམ་ཡིག་སོགས་དང་སྦྱར་ཏེ་རྣམ་དབྱེའི་ཐོབ་ཐང་དང་ཚིག་ཕྲད་སོགས་ཀྱི་དོན་གྱི་འཇུག་ཚུལ།  དེའི་གཤམ་ནས་ལེགས་བཤད་དང་།  བསླབ་བྱ། རྩོམ་འབྲི་སོགས་རིམ་བཞིན་སླ་མོ་ནས་དཀའ་མོ།  ཚགས་ཡང་བ་ནས་ཚགས་ལྕི་བ།  ཕྱི་ནས་ནང་། ཁ་ནས་གཏིང་ལྟར་བསླབ་གཞིའི་འཆར་འགོད་ཀྱི་རྩ་དོན་ཇི་བཞིན་དུ་རྩོམ་སྒྲིག་གནང་ཡོད་ན།  མགོ་སྔ་ཆ་ཚང་བས་མ་ལག་གི་རང་བཞིན་ལྡན་པ་དང་།  སྔ་གཞུག་ཚགས་དམ་པས་གཏན་ཚིགས་ཀྱི་རང་བཞིན་དོད།  བོད་སྐད་ཀྱི་ཁྱད་ཆོས་དང་བསྟུན་པས་མཐུན་མིན་གྱི་རང་བཞིན་ཡང་མངོན་ཡོད་སྟབས།  བོད་རིགས་སློབ་མའི་རྒྱུད་ལ་འབྱོར་བདེ་ཞིང་བློ་ཁར་ཆེས་འཚམ་པར་གྱུར་ཡོད། 

             དེ་མིན།  བསླབ་དེབ་འདིའི་རིན་ཐང་ཅུང་ཟད་སྤྲོས་ན།  གཅིག་ནི་བསླབ་དེབ་འདི་ནི་ལྗོངས་ཞིང་ལྔའི་བོད་རིགས་སློབ་མ་ཡོད་དོ་ཅོག་ལ་ཁ་ཕྱོགས་ཤིང་གཅིག་གྱུར་གྱིས་བེད་སྤྱོད་བྱེད་བཞིན་ཡོད་པ་དང་།  དེ་མིན་སྒྲ་གདངས་ཕུད་པའི་མིང་བརྡ་དང་བརྡ་སྤྲོད་སོགས་ཀྱི་ཐད་ནས་གཙོ་བོ་ཡིག་སྐད་ཚད་གཞིར་བཟུང་ཡོད་པས། ཡུལ་སྐད་མི་འདྲ་བའི་སློབ་མ་ཚོས་སྤྱོད་པར་བྱས་ན།  མ་མཐའ་ཡང་མིང་བརྡ་དང་བརྡ་སྤྲོད་གཉིས་ནས་རྗེས་ཕྱོགས་ཀྱི་སྤྱི་སྐད་ལ་རྨང་གཞི་བརྟན་པོ་བཏིང་ཡོད།  གཉིས་ནི་སྐད་བརྡ་ནི་རིག་གནས་ཀྱི་རྟེན་གཞི་ཡིན་ཟེར་བ་ལྟར།  བསླབ་དེབ་ཏུ་བོད་སྐད་ཡིག་བརྒྱུད་དེ་བོད་རང་གི་གནའ་གཏམ་དང་།  ལེགས་བཤད།  བསྟོད་པ།  བསླབ་བྱ་སོགས་བཀོད་ཡོད་པས།  སློབ་མ་ཚོས་སྐད་ཡིག་སྦྱོང་ཞོར་དུ་བོད་ཀྱི་རིག་གནས་ལ་རོལ་མྱོང་ཐུབ་པ་དང་།  རིག་གནས་འདི་དག་ལ་བརྟེན་ནས་རང་གི་རྩམ་དྲི་མ་ཡལ་བའི་སྐད་ཡིག་སྦྱོང་ཐུབ།  དེ་བས“སྐད་ཡིག་ཟེར་བ་ནི་སྐད་དང་ཡི་གེ་ཙམ་ལ་ཟེར་བ་མ་ཡིན་པར།  སྐད་དང་རིག་གནས་ལ་གོ་བ་དང་།  ཡི་གེ་ནི་དོན་དུ་སྐད་དུ་འདུས་ཡོད།  སྐད་ཡིག་གི་དོན་སྤྱིའི་ཁྱབ་ཁོངས་ཀྱང་།  ཐོག་མར་སྐད་དང་རིག་གནས།  དེ་ནས་སྐད་དང་རྩོམ་རིག  མཇུག་མཐར་སྐད་དང་ཡི་གེ་ཡིན་ནོ། །” ① ཅེས་པའི་གནས་ལུགས་ཀྱང་རྟོགས་སྲིད་དོ། །  གསུམ་ནི་བསླབ་དེབ་ཏུ་རང་བོད་ཀྱི་གཏམ་རྒྱུད་དང་རྩོམ་ཡིག་སོགས་བཀོད་ཡོད་པ་མ་ཟད།  མི་རིགས་གཞན་པའི་གནའ་གཏམ་དང་བྱིས་སྒྲུང་ལེགས་གྲས་སོགས་ཀྱང་བཏུས་ཡོད་པས།  སློབ་ཆུང་སློབ་མ་ཚོའི་ལྟ་རྒྱ་ཐོས་རྒྱ་ཆེ་རུ་བསྐྱེད་ཐུབ།  འདི་ལས་ཀྱང་དཔེ་དེབ་འདི་ལ“སྐད་ཡིག”ཞེས་པ་ནི་སྐད་དང་ཡི་གེ་ཁོ་ན་སྦྱོང་བྱེད་ཅིག་མ་ཡིན་པར“སྐད་དང་རིག་གནས”ཀྱི་བསྡུས་ཚིག་ཅིག་ཡིན་པ་ཤེས་ཐུབ་བོ། ། 

             གོང་ནས་གཙོ་བོ་སློབ་ཆུང་སློབ་མའི་བོད་ཡིག་གི་བསླབ་དེབ་ཀྱི་ཁྱད་ཆོས་དང་ལེགས་པའི་ཆའམ་རིན་ཐང་བཅས་མདོར་བསྡུས་སྒོས་བརྗོད་ཟིན།  དེ་ཡང་བསླབ་དེབ་འདིའི་སྔོན་མ་ནི“འགན་འབབ་སློབ་གསོའི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ”ཅེས་ཚོད་ལྟའི་ཚུལ་དུ་ཐོག་མར་བེད་སྤྱད་ཟིན་པས་ན།  འདིའི་ལེགས་ཆ་ལ་གདེང་འཇོག་བྱེད་པ་དང་ཆབས་གཅིག་ཏུ་བསླབ་དེབ་ཁྲོད་ཀྱི་མི་འཚམ་ས་ལ་གྲོས་འདོན་དང་།  མི་འདང་ས་ལ་ཁ་སྐོང་།  མི་འགྲིག་ས་ལ་དག་བཅོས་བཅས་བྱས་ནས་ཕྱིས་ཀྱི་ལེགས་སྒྲིག་ལ་ཟུར་ལྟ་འཕུལ་རྒྱུ་ནི་དོན་ཆེན་ནང་གི་གལ་ཆེན་རེད་འདོད་པས།  རྩོམ་འདིས་དེང་རབས་སྐད་བརྡ་རིག་པའི་མཐོང་སྣེ་ནས་བསླབ་དེབ་ཁྲོད་ཀྱི་སྐད་བརྡའི་བརྡ་ཆད་བཀོལ་སྟངས་མི་འོས་ས་དང་མཐའ་ན་ནོར་འཁྲུལ་ཅན་ལ་ཐད་ཀར་མཛུབ་མོ་བཙུགས་ཏེ་དག་པར་བཅའ་ཐབས་སྐོར་ལ་གྲོས་ཁ་བཏོན་ཡོད།

             གཉིས་པ།  བསླབ་དེབ་ཁྲོད་ཀྱི་སྐད་བརྡའི་བརྡ་ཆད་བཀོལ་སྟངས་སྐོར་དང་དེའི་དཔྱད་པ།

             སྤྱིར་སྐད་ཡིག་གི་དཔེ་དེབ་ཅིག་ཡིན་ན་སྐད་བརྡའི་བརྡ་ཆད་ལ་ནན་ཏན་རང་བཞིན(严肃性)དགོས།  སྒོས་སུ་སློབ་མའི་བསླབ་དེབ་ཅིག་ཡིན་ཚེ་ཚན་རིག་རང་བཞིན(科学性)ཡང་དགོས།  ཡིན་ནའང་ང་ཚོས་བརྟག་དཔྱད་བྱས་པ་ལྟར་ན། སྔོན་མར་ཚོད་ལྟའི་ཚུལ་དུ་ལག་ཏུ་བསྟར་བ་དང་ད་ལྟ་དངོས་སུ་ལག་ཏུ་བསྟར་བཞིན་པའི་སློབ་ཆུང་སློབ་མའི་བོད་ཡིག་གི་བསླབ་དེབ་གང་དུའང་སྐད་བརྡའི་བརྡ་ཆད་དག་རང་མོས་སུ་སྤྱོད་བཞིན་པའི་སྣང་ཚུལ་མང་དུ་མཆིས་ཏེ།  དེ་དག་སྤྱིར་བསྡོམས་ན་གཤམ་གྱི་རིགས་གསུམ་དུ་འདུས།  གཅིག་ནི་རང་བཞིན་ནམ་རིགས་མི་མཚུངས་པའི་མཚན་གཞི་འགའ་ལ་བརྡ་ཆད་གཅིག་གིས་ཚབ་བྱས་ཡོད་པས།  སློབ་མའི་རིགས་འབྱེད་ཀྱི་ནུས་པར(分类能力)གེགས་ཐེབས་ཡོད་པ།  གཉིས་ནི་རྣམ་བཞག་མི་མཚུངས་པའི་ཁྲོད་ཀྱི་མིང་སོ་སོ་ཕན་ཚུན་གོ་མི་འབྱེད་པར་བརྡ་ཆད་གཅིག་གིས་འཐུས་པར་བྱེད་ཡོད་པས།  སློབ་མའི་ཤེས་བྱའི་མ་ལག(知识系统)ལ་གནོད་ཐེབས་ཡོད་པ།  གསུམ་ནི་སྒྲ་སྦྱོར་ཡི་གེའི་ཁྱད་ཆོས་མ་བཟུང་བར་དོན་རྫས་ཡི་གེར(语素文字)ལད་ཟློས་བྱས་དྲག་པས།  སློབ་མ་ཚོས་བོད་ཡིག་གི་ཁྱད་ཆོས་ངེས་འཛིན་པར་ཚགས་བཟོས་ཡོད་པ་བཅས་སོ། །  ཞོལ་ནས་དེ་དག་རེ་རེ་དཔེ་དང་བཅས་ཏེ་བཤད་ན་གཤམ་གསལ།

             གཅིག  རང་བཞིན་ནམ་རིགས་མི་མཚུངས་པའི་མཚན་གཞི་དག་བརྡ་ཆད་གཅིག་གིས་སྟོན་པར་བྱེད་པ།

             དེ་ཡང་རྒྱའི་སྐད་བརྡ་སྨྲ་བ་ཕིང་ཙེ་རཱོན་ལགས་ཀྱིས“བརྡ་ཆད་གཅིག་དོན་མང་པོར་འཇུག་པར་བྱེད་ན་ཚན་རིག་ཞིབ་འཇུག་གི་གོ་བརྡ་ཡང་དག་པར་སྤྲོད་པ་དང་དོན་ཞིབ་ཚགས་སུ་སྟོན་པ་ཞེས་པའི་རེ་བ་དང་མི་མཐུན།” ② ཞེས་གསུངས་ཤིང་།  སྒོས་སུ་རང་བཞིན་ནམ་རིགས་མི་མཚུངས་པའི་མཚན་གཞི་འགའ་ཞིག་བརྡ་ཆད་གཅིག་གིས་ཚབ་བྱེད་པ་ནི་ཚན་རིག་ཞིབ་འཇུག་གི་འཛེམ་བྱ་ཁོ་ནར་འོས་སོ། །  ཡིན་ནའང་བསླབ་གཞིའི་ཁྲོད་དུ་འདིའི་གནད་དོན་གསལ་ལེར་མངོན་ནས་ཡོད་དེ། ཡིག་འབྲུ་མང་བར་དོགས་ནས་འདི་ནས་དཔེ་མཚོན་ཅན་གྱི་དཔེར་བརྗོད་གཅིག་འཇོག་པར་བྱ། — གསལ་བྱེད་ཅེས་པ་དབྱངས་གསལ་གཉིས་འདུས་ཀྱི་སྒྲ་ཚིགས་ལའང་གོ་བར་བྱེད་པ།

             ལོ་རིམ་དང་པོའི་སྟོད་ཆའི་ཤོག་ངོས28“ཤེས་བྱའི་དགའ་ཚལ”གྱི“གཤམ་གྱི་གསལ་བྱེད་ཡང་དང་ཡང་ཀློག་དགོས།”ཞེས་པའི་དཔེར་བརྗོད་དུ“ཀ་ཁ” ནས“ཧ་ཨ”།  “ཀི་ཁུ”ནས“ཧེ་ཨོ”བཅས་བཞག་ཡོད།  འདི་ནས“གཤམ་གྱི་གསལ་བྱེད”ཅེས་ནས་རང་གི་དཔེར་བརྗོད་རྣམས་གསལ་བྱེད་ཡིན་པ་ཁས་བླངས།  འོན་ཀྱང་འདིའི་དཔེར་བརྗོད་བཞག་གོ་ཅོག་གསལ་བྱེད་ཡིན་མིན་ལ་བརྟག་པར་འོས།  དེ་ཡང་སྒྲ་རྫས་ནི་སྒྲ་གདངས་ཀྱི་ཆེས་ཆུང་བའི་མཚན་གཞི་ཡིན་པ་དང་།  གསལ་བྱེད་ནི་དེའི་ནང་གསེས་ཀྱི་དབྱེ་ཆོས་ཤིག་ཡིན།  གལ་ཏེ་བོད་ཡིག་གི་ཡི་གེ་རེ་རེ་ནི།  ཡང་ན་གསལ་བྱེད་ཁོ་ན་རེ་རེ་ལ་ཐོ་ཐུག་པ་དང་།  ཡང་ན་དབྱངས་ཁོ་ན་རེ་རེ་ལ་ཐོ་ཐུག་ན།  དེ་ནི་སྒྲ་རྫས་ཡི་གེ་མཚན་ཉིད་པ་དང་ཡང་ན་ཡི་གེ་རེ་རེས་སྒྲ་རྫས་རེ་རེ་མཚོན་པར་བྱས་ཡོད།  ཡིན་ནའང་བོད་ཡིག་གི་ཡི་གེ་རྣམས་ནི་ངག་ནས་ཀློག་ཚེ་དབྱངས་ཤིག་ངེས་པར་ཐོན་དགོས་ཕྱིར།  སྒྲ་གདངས་རིག་པ་ནས་བལྟས་ན་བོད་ཡིག་ནི་དབྱངས་གསལ་གཉིས་འདུས་ཀྱི་སྒྲ་ཚིགས་ཡི་གེ(音节文字)ཞིག་ཡིན་པ་དང་།  གལ་ཏེ“གསལ་བྱེད་གཙོ་བོ་གནས་ས་ཕུད་པའི་སྔོན་འཇུག་རྗེས་འཇུག་དང་མགོ་ཅན་འདོགས་ཅན་བཅས་ལ་དབྱངས་མི་ཞུགས་པར་གསལ་བྱེད་ཁོ་ན་ལྟར་ཀློག་དགོས་པར” ③ གཞི་བཅོལ་ན།  བོད་ཡིག་ནི་སྒྲ་རྫས་ཡི་གེ(音素文字)ལའང་གཞོལ་ནས་ཡོད།   དེ་མིན།  “བོད་ཡིག་གི་ཚེག་ཁྱིམ་གྱི་མགོ་རུ་གསལ་བྱེད་གཞན་མེད་པར་དབྱངས་ཁོ་ནས་ཚིག་ཁྱིམ་ཞིག་གྲུབ་པ་ལའང་རང་ཤུགས་ཀྱིས་ཨོལ་སྒོའི་འགག་སྒྲའི་གསལ་བྱེད/ʔ/ལ་བརྟེན་དགོས། དེ་ནི་མིའི་སྐྱེ་གནས་ཀྱི་ཐུན་མོང་གི་ཁྱད་ཆོས(人类发音器官的共性)ཀྱང་ཡིན་ཏེ།  དབྱངས་རྐྱང་བ་ངག་ནས་བྱུང་ཚེ་ཨོལ་སྒོའི་ཁ་ཕྱེ་བ་དང་མཉམ་དུ་འགག་སྒྲ་ཞིག་ཡོད་པའི་གནས་ལུགས་དེ་རེད།  དེའི་ཕྱིར་དབྱངས ི ཚེག་ཁྱིམ་དུ་གྲུབ་དུས་ཀྱང་། ཨོལ་སྒོའི་འགག་སྒྲའི་གསལ་བྱེད/ʔ/ལ་བརྟེན་ནས/ʔi/ལྟ་བུར་འདོན།  འོན་ཀྱང་བོད་སྐད་དུ/i/དང/ʔi/གཉིས་ལ་སྒྲའི་ཁྱད་པར་ཙམ་ལས།  དོན་གྱི་ཁྱད་པར་ཅི་ཡང་མི་སྟོན་པས་སྒྲ་གནས་གཅིག་གི་འགྱུར་གཟུགས་གཉིས་སུ་རུང་བ་ལས་འོས་མེད།” ④ཞེས་པ་ལས་ཀྱང་བོད་ཀྱི་ཡི་གེ་ནི་མ་མཐའ་ཡང་དབྱངས་གསལ་གཉིས་འདུས་ཀྱི་སྒྲ་ཚིགས་ཡི་གེ་ཡིན་པ་ར་སྤྲད།  དེ་བས་མདོར་བསྡུས་ན་བོད་ཡིག་ནི་སྒྲ་རྫས་ཡི་གེ་དང་སྒྲ་ཚིགས་ཡི་གེ་གཉིས་ཀྱི་བར་བརྒལ་གྱི་ཡི་གེ་སྟེ་སྒྲ་རྫས་ཕྱེད་མ་ཅན་གྱི་ཡི་གེ(半音素化文字)ཞིག་ཡིན་ཡིན་པར་འདོད་དོ། །

             ཡིན་ནའང་བསླབ་དེབ་ཀྱིས“ཀི་ཁུ”ནས“ཧེ་ཨོ”དང་བཅས་པ་ནི་སྒྲ་ཚིགས་རེ་རེ་ཡིན་བཞིན་དུ་གསལ་བྱེད་རེ་རེ་རུ་ངོས་འཛིན་བྱས་ན།    སྐད་བརྡའི་མཚན་གཞི་མི་གཅིག་པ་གཉིས་བརྡ་ཆད་གཅིག་གིས་སྟོན་པར་བྱེད་པའི་སྐྱོན་ཆ་མཆིས་ཤིང་།  གཏན་ཚིགས་རིག་པ་ནས་བལྟས་ན་དབྱེ་གཞི་དབྱེ་ཆོས་སོ་སོར་མ་ཕྱེ་བའི་གནད་དོན་བདོག་པ་དང་།  སློབ་མ་ཚོས་ཐོག་མར་ཡི་གེ་ངོས་འཛིན་བྱེད་དུས་སུ་གསལ་བྱེད་ཅེས་པའི་མིང་འདི་ནི་དབྱངས་སྦྱར་མེད་པའི་གསལ་བྱེད་རྐྱང་བ་དེ་དག་ལ་གོ་དགོས་སམ།  ཡང་ན་དབྱངས་གསལ་གཉིས་འདུས་ཀྱི་ཡི་གེ་དེ་དག་ལ་གོ  དེ་དང་སྦྲེལ་ནས་བོད་ཡིག་ལ་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་ལས་མེད་ཅེས་པ་ནས་འདི་གར“ཀི་ཁུ”ལ་སོགས་ཡང་གསལ་བྱེད་དུ་བཞག་ན།  དོན་ངོ་མ་དབྱངས་དང་གསལ་བྱེད་ཀྱི་ཁྱད་པར་གང་ལྟར་ཕྱེ་དགོས་པ་དང་།  དབྱེ་བ་ཇི་ལྟར་འབྱེད་དགོས་པའང་མི་ཤེས་པར།  སློབ་མའི་ཐོག་མའི་རིགས་འབྱེད་ཀྱི་ནུས་པ་ལ་གེགས་ཐེབས་སྲིད་དེ།  དེ་ཡང“རིགས་འབྱེད་ནི་ཤེས་བྱའི་ཡུལ་གྱི་མཐུན་ས་དང་མི་མཐུན་ས་གཉིས་ལ་གཞི་བྱས་ནས་བློས་གོ་འབྱེད་པ་ཞིག་ལ་ཟེར་ཞིང་།  ཚོད་ལྟ་བྱས་པ་ལྟར་ན་བྱིས་པ་ལོ4ལ་སོན་པ་ན་རིགས་འབྱེད་དང་རིགས་དབྱེ་ནས་དེ་ལ་མིང་འདོགས་པའི་ནུས་པ་ལྡན་པ་དང་།  སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་ཡི་གེ་དང་མིང་གི་དོན་སྤྱི་ལ་རིགས་འབྱེད་ཐུབ་པའི་ནུས་པ་མཆིས།” ⑤ ཞེས་དང་།  “ང་ཚོས་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ་རིགས་འབྱེད་ཀྱི་བསལ་བློ་དང་ཐབས་ལམ་གཙིགས་སུ་འཛིན་དགོས་ཏེ།  གཤམ་གྱི་ཕྱོགས་བཞི་ནས་སློབ་མའི་རིགས་འབྱེད་ཀྱི་ནུས་བསྐྱེད་སྲིང་བྱེད་དགོས།  གཅིག་ནི་གོ་དོན་ནས་མགོ་བཟུང་ཏེ།  རིགས་འབྱེད་ཀྱི་བསྟན་དོན་དང་སྒྲིག་སྲོལ་གསལ་བར་འཆད་དགོས་པ་དང་།  གཉིས་ནི་སློབ་ཁྲིད་ཀྱི་རིམ་པ་སོ་སོ་ནས་རྣམ་པ་མི་འདྲ་བ་སྒོས་རིགས་འབྱེད་ཀྱི་ནུས་པ་སྦྱོང་བརྡར་བྱེད་དགོས།  གསུམ་ནི་རིགས་འབྱེད་ཀྱི་བྱེད་ཐབས་བཀོལ་ནས་ཁྲིད་གཞིའི་བྱ་དཀའ་བ་དག་སེལ་བར་བྱས་ཏེ་སློབ་མའི་དངོས་ཡོད་ཀྱི་རིགས་འབྱེད་ནུས་པ་མཐོ་རུ་འདེགས་པ།  བཞི་ནི་རིགས་འབྱེད་ཀྱི་བྱེད་ཐབས་སྤྱོད་རྒྱ་ཆེར་བསྐྱེད་ནས་དེའི་འདུ་ཤེས་ཇེ་བརྟན་དུ་གཏོང་པ་བཅས་སོ། །” ⑥ ཞེས་གསུངས་པ་སོགས་ལ་བལྟས་ན།  སློབ་ཆུང་དུས་ནས་སློབ་མ་ཚོར་རིགས་འབྱེད་ཀྱི་ནུས་པ་ལྡན་པ་དང་།  མཐའ་ན་ཡི་གེ་དང་མིང་གི་དོན་སྤྱི་ལའང་རིགས་འབྱེད་ཐུབ་པ་ཤེས་སྲིད་ཅིང་།  དེ་མིན་རིགས་འབྱེད་ཀྱི་ནུས་པ་སྦྱོང་བརྡར་བྱ་རྒྱུ་ནི་སློབ་མ་ཚོས་ཤེས་པ་ཡུལ་ལ་འཇུག་པའི་གོ་རིམ་ཁྲོད་ཤིན་ཏུ་གལ་ཆེན་བའི་གནས་ཤིག་ཡིན་པའང་དཔོག་ཐུབ།  དེས་ན་བོད་ཡིག་གི་བསླབ་དེབ་ཀྱིས་འདིའི་ཆོས་ཉིད་ལ་མ་བསྟུན་པར་རང་བཞིན་མི་མཚུངས་པ་དང་ཁྱབ་རྒྱ་མི་འདྲ་བའི་སྐད་བརྡའི་མཚན་གཞི་གཉིས་བརྡ་ཆད་གཅིག་གིས་མཚོན་པར་བྱེད་ན།  སློབ་མའི་རིགས་འབྱེད་ཀྱི་ནུས་པ་གོང་དུ་འཕེལ་བར་གེགས་ཐེབས་ཡོད་པས།  བརྡ་ཆད་བེད་སྤྱོད་བྱེད་དུས་ཀྱང་ཁྱབ་ཁོངས་གང་གི་གཞུང་ལུགས་ལ་གཞི་བཅོལ་ནས་ནན་ཏན་དང་། ཞིབ་ཚགས།  ཡང་དག  ཚན་རིག་དང་མཐུན་པ་སྒོས་མིང་དུ་བདགས་པར་མཛད་ན།  “ཐུན་མོང་གི་རང་བཞིན་ཞིག་ནས་ཐུན་མིན་གྱི་ཁྱད་ཆོས་དག་ངོས་ཟིན་པ་དང་།  སྤྱི་ཡི་ནང་ནས་བྱེ་བྲག་གི་དམིགས་བསལ་ཅན་རྣམས་གོ་ཐུབ་པ།  དོན་གྱི་ཐོག་ནས་ཕྱི་རོལ་ཀྱི་རྣམ་པ་སོགས་ཤེས་སླ་བར་འགྱུར་སྲིད།” ⑦ ཞེས་པ་ལྟར།  གཅིག་ནས་མིའི་རིགས་ཀྱི་སྐད་བརྡ་ཞིབ་འཇུག་གི་འགྲོ་ཕྱོགས་སྤྱི་ལ་མཐུན་པ་དང་།  ཅིག་ཤོས་ནས་རང་གི་སྐད་བརྡའི་ཐུན་མིན་གྱི་ཁྱད་ཆོས་ཀྱང་མངོན་ཐུབ་བོ། །

             དེ་བས་བསླབ་དེབ་ཁྲོད་ཀྱི“གཤམ་གྱི་གསལ་བྱེད་ཡང་དང་ཡང་ཀློག་དགོས།”ཞེས་པའང་གོང་གི་རྩ་དོན་དེ་དག་ལ་བསྟུན་ནས།  “གསལ་བྱེད་ནི་རླུང་ཕྱིར་ཕྱུང་དུས་རང་སྐྱེ་སའི་གནས་ཀྱིས་ཁེགས་པར་འགྱུར་བར་བྱེད་ཅིང་།  དབུགས་རང་དབང་དུ་ཕྱིར་ཐོན་མི་ཐུབ་པས་དབྱངས་ལྟར་དུ་སྒྲ་གསལ་བོ་མིན(无响度)། དེ་མིན་སྒྲ་ཕྱིར་འབྱིན་དགོས་ན་དབྱངས་ལ་བརྟེན་པ་ཤས་ཆེ། དབྱངས་ནི་དབུགས་སམ་རླུང་གིས་ཨོལ་སྐྱི(声带)འདར་བར་བྱས་ནས་ཐོན་པའི་འཇེབས་པའི་རིང་བཞིན་ཅན་གྱི་སྒྲ(乐声)ཏེ།  དབྱངས་ཡོད་ཚད་སྒྲ་ལྡན་ཡིན་པས་ཁྱབ་པ་དང་།  དབུགས་ལ་ལྟོས་བཅས་ཀྱིས་ཐོགས་རེག་མེད་པས།  གསལ་བྱེད་ལ་མ་བརྟེན་པར་རང་དབང་གིས་སྒྲ་འདོན་ནུས།  ” ⑧ ཞེས་དང་།  སྒྲ་ཚིགས་ནི་དབྱངས་གསལ་གཉིས་ཀྱི་དོན་སྤྱི་གོང་མ(上位概念)སྟེ།  དབྱངས་གསལ་གཉིས་འདུས་ཀྱི་མཚན་གཞི་ཞིག་ཡིན་པ་ཤེས་པར་བྱས་ནས།  བསླབ་དེབ་ཁྲོད་ཀྱི་ཚིག་དེའང“གཤམ་གྱི་སྒྲ་ཚིགས་ལས་གསལ་བྱེད་ཀྱི་སྒྲ་རྣམས་དབྱངས་དང་སྦྱར་ནས་ཀློག་དགོས།”ཞེས་པར་བཅོས་ན།  གཅིག་ནས་བརྡ་ཆད་ཀྱི་བེད་སྤྱོད་རྒྱལ་སྤྱིའི་སྐད་བརྡ་རིག་པའི་འགྲོས་དང་མཐུན་པ་དང་།  གཉིས་ནས་དོན་སྤྱི་སོ་སོ་བརྡ་ཆད་མི་མཚུངས་པ་རེ་རེས་སྟོན་པས་ཞིབ་ཚགས་ཀྱི་རང་བཞིན་ལྡན་པ།  གསུམ་ནས་སློབ་མ་ཚོར་སློབ་ཆུང་གི་དུས་ནས་རྩ་བའི་སྐད་བརྡའི་བརྡ་ཆད(最基本的语言学术语)དག་མིག་བྱང་དང་ཡིད་བྱང་ལ་འགྲོ་བར་བྱས་ན་ཁོ་ཚོས་རིགས་འབྱེད་ཀྱི་ནུས་པ་དང་སྤྱི་བསྡོམས་ཀྱི་ནུས་པ་བསྐྱེད་སྲིང་བྱེད་ཐུབ་བོ། །

             གཉིས།  རྣམ་གཞག་གམ་མ་ལག་མི་མཚུངས་པའི་ཁྲོད་ཀྱི་མིང་སོ་སོ་ཕན་ཚུན་གོ་མི་འབྱེད་པར་བརྡ་ཆད་གཅིག་གིས་འཐུས་པར་བྱེད་ཡོད་པ།

             དེ་ཡང་རིག་གཞུང་ཞིབ་འཇུག་ལ་ཆེ་ཕྱོགས་ནས་ཐབས་ལམ་གཉིས་ཏེ།  གཅིག་ནི་འཕྲེད་ངོས་ཞིབ་འཇུག་དང་།  གཉིས་ནི་གཞུང་ངོས་ཞིབ་འཇུག་གོ །  འཕྲེད་གཞུང་གཉིས་གང་ཡིན་ཡང་ཕན་ཚུན་གཅིག་གིས་གཅིག་ལ་འབྲེལ་བ་ཡོད་པའི་རྨང་གཞིའི་ཐོག་ནས་དེ་གཉིས་ཀྱང་མ་ལག་ཆེན་པོ་གཉིས་ཡིན་ན།  ཕན་ཚུན་ཉ་ཉོག་མཉམ་བསྲེས་ཀྱིས་གཅིག་ཏུ་གླེང་མི་རུང་།  དཔེར་ན་བོད་སྐད་ཀྱི་ཕྲད་སོ་སོའི་ནུས་པ་གླེང་ཚེ།  ཕྲད་མང་པོ་ཞིག་གི་གནའ་བོའི་དུས་ཀྱི་བྱེད་ནུས་དང་ད་ལྟའི་བྱེད་ནུས་མི་མཚུངས་པས་དེ་གཉིས་སོ་སོར་གླེང་དགོས་པ་ལྟ་བུའོ། །  དེ་བཞིན་འཕྲེད་ངོས་ནས་ཞིབ་འཇུག་བྱེད་དུས་ཀྱང་རྣམ་བཞག་མི་གཅིག་པ་རྣམས་སོ་སོ་བཀར་ནས་གླེང་དགོས་པ་ལས་འགྲོས་གཅིག་ཏུ་གླེང་མི་རུང་ཞིང་།  དེ་དག་གི་བརྡ་ཆད་ཀྱང་གཅིག་ཏུ་བསྲེས་ནས་བཤད་ན་ཉོག་དྲ་མང་དུ་བཟོའོ། ། དཔེར་ན།  བོད་ཀྱི་སྐད་བརྡའི་ཁྲོད་ཀྱི་སྒྲ་གདངས་རྣམ་བཞག་གི“ཡི་གེ”ཞེས་པ་དང་།  མིང་གི་རྣམ་བཞག་གི“ཡི་གེ”ཞེས་པ།  ཡི་གེའི་རྣམ་བཞག་གི“ཡི་གེ”ཞེས་པ་སོགས་བརྡ་ཆད་གཅིག་གིས་ཚབ་བྱས་ཡོད་པ་ལྟ་བུ།  ཞོལ་ནས་བསླབ་དེབ་ཁྲོད་ཀྱི་འདིའི་གནད་དོན་དཔེ་མཚོན་ཅན་ཞིག་གླེང་བར་བྱ། — ཡི་གེ་ཞེས་པ་དཀྱུས་གཅིག་ཏུ་ཡིག་གཟུགས་དང་སྐད་ཀྱི་གདངས།  མིང་སོགས་ལ་གོ་བར་བྱེད་པ།

             ལོ་རིམ་དང་པོའི་སྟོད་ཆའི་ཤོག་ངོས28“ཤེས་བྱའི་དགའ་ཚལ”གྱི“གཤམ་གྱི་རི་མོའི་འོག་གི་ཡི་གེ་ཀློག་དགོས།”ཞེས་པའི་དཔེར་བརྗོད་དུ“ཨ་ཕ།  ཨ་མ། རི་བོ།  ལོ་མ…”སོགས་མིང་རྐྱང་རྐྱང་བཞག་ཡོད་པས།  འདི་ནས“ཡི་གེ”ཞེས་པ་མིང་ལའང་གོ་བར་བྱེད་པ་དང་།  དེའི་ཤོག་ངོས63“ཤེས་བྱའི་དགའ་ཚལ”གྱི“གཤམ་གྱི་ཡི་གེ་ནང་དོན་སྡུར་དགོས།”ཞེས་པའི་དཔེར་བརྗོད་དུ“ཆེ། ཆུང་། ཡོད།  མེད།  མི་ལ་ཆེ་ཆུང་ཡོད།  ལམ་ལ་རིང་ཐུང་ཡོད།”ཅེས་ནས་མིང་དང་ཚིག་ཡན་ཆད་ནས“ཡི་གེ”འི་ཁོངས་སུ་གཏོགས་པར་བྱས་ཡོད།  ཡང་དེའི་ཤོག་ངོས88“ཤེས་བྱའི་དགའ་ཚལ”གྱི“གཤམ་གྱི་ཡི་གེ་ཡང་ཡང་ཀློག་དགོས།”ཞེས་པའི་དཔེར་བརྗོད་དུ“བ། ས། མ། བསམ…”ཞེས་སྒྲ་སྦྱོར་ཚུལ་བསྟན་ནས“ཡི་གེ”ཞེས་པ་སྒྲ་གདངས་ཡིན་པར་བསྟན་ཡོད།  དེ་བཞིན་དུ་ལོ་རིམ་གཉིས་པའི་སྨད་ཆའི་ཤོག་ངོས9ཡི“གཤམ་གྱི་ཡི་གེའི་བར་ཐིག་སྦྲེལ་དགོས།”ཞེས་པའི་དཔེར་བརྗོད་དུ“ལྗགས་གླིང་།  སིལ་སྙན། འཁར་རྔ…”སོགས་མིང་འདུས་མའི་སྐོར་ཡང“ཡི་གེ”ཞེས་པས་བསྟན།  ལོ་རིམ་བཞི་བའི་སྟོད་ཆའི་ཤོག་ངོས36ཡི“གཤམ་གྱི་ཡི་གེ་ཀློག་པ་དང་བསྡུར་ནས་བློར་འཛིན།”ཞེས་པའི་དཔེར་བརྗོད་དུ“དེ་རིང་སང་ཉིན་གནངས་ཉིན།  དེ་རིང་ཁ་སང་ཁེ་ཉིན…”ཞེས་དུས་ཀྱི་མིང་ངམ་མིང་དུ་མ་གཅིག་ཏུ་ཚོགས་པ་ཅན་ལ་ཡང“ཡི་གེ”ཞེས་ཟེར་ཡོད།  དེ་མཚུངས་སུ་ལོ་རིམ་ལྔ་པ་དང་དྲུག་པའི་བསླབ་དེབ་ཏུའང་དེ་དང་འདྲ་བའི་གནད་དོན་མང་དུ་མཆིས།  འོ་ན་ཡི་གེ་ཞེས་པ་ནི་དོན་དུ་ཅི་ཞིག་ཡིན།  རྣ་བའི་ཉན་བྱའི་སྒྲ་གདངས་ཤིག་ཡིན་ནམ།  དོན་དང་ལྡན་པའི་མིང་ཞིག་ཡིན་ནམ།  མིག་གི་འཛིན་བྱའི་གཟུགས་ཤིག་ཡིན་ཞེས་སློབ་མ་ཚོ་སློབ་ཆུང་མཐར་ཕྱིན་ནས་སློབ་ཆེན་དུ་ཐོན་ནའང་འདིའི་དོགས་པ་ཚར་གཅོད་དཀའ་བའི་གནས་སུ་ལྷུང་ཡོད།  དེ་མིན་གོང་ནས་བཤད་པ་ནང་བཞིན“ཡི་གེ”ཞེས་པ་འདི་ནི་ཡི་གེའི་རྣམ་བཞག་དང་མིང་གི་རྣམ་བཞག སྒྲ་གདངས་ཀྱི་རྣམ་བཞག  མཐའ་ན་ཚིག་གི་རྣམ་བཞག་སོགས་མ་ལག་མི་འདྲ་བ་དུ་མ་རུ་ཁྱད་པར་མེད་པར་སྤྱོད་བཞིན་ཡོད་པས།  སློབ་མ་ཚོས་ཤེས་བྱའི་རྣམ་བཞག་མི་འདྲ་བ་སོ་སོ་ཁྱད་པར་ཕྱེ་ནས་བློ་ལ་འཛིན་དུས་ཀྱང་ཉོག་དྲ་མང་དུ་བཟོས་ཡོད་ན།  སློབ་མའི་ཤེས་བྱའི་མ་ལག་འཐུས་ཇེ་ཚང་དང་གྲ་ཇེ་དག  ཁ་ཇེ་གསལ་དུ་གཏོང་བར་གནོད་པ་ཆེན་པོ་ཐེབས་ཡོད།  རྒྱུ་མཚན་ཅིའི་ཕྱིར་རང་བཞིན་མི་མཚུངས་པའི་མཚན་གཞི་འདི་དག་ལ་མཐའ་གཅིག་ཏུ“ཡི་གེ”ཞེས་འབོད།  རྒྱུ་མཚན་ཅིའི་ཕྱིར་བོད་ཡིག་གི་ཡི་གེ་རྣམ་བཞག་གི“ཡི་གེ”དང་མིང་གི་རྣམ་བཞག་གི“ཡི་གེ”ལ་བརྡ་ཆད་མི་འདྲ་བས་ཁྱད་མི་འབྱེད་དམ།  དེ་ནི་གཏན་ཕབ་རང་འགྲིག་ཡིན་ཟེར་ན།  དོན་དུ་མ་དག་རྒྱུན་འབྱམས་སུ་སོང་བ་ཡིན་པར་འདོད་པ་དང་།  མང་ཚོགས་ཀྱི་གོ་བདེ་བའི་ཕྱིར་ཡིན་ཟེར་ན།  དོན་དུ་ཚན་རིག་དང་ཁ་ཐག་རིང་དུ་གྱེས་པ་རེད་འདོད་དོ། །   འདིའི་ཞིབ་ཆ་རྣམས་ནི་ས་བཅད་གསུམ་པ་ནས་འཆད་པར་འགྱུར་བས་འདི་ནས་ཞིབ་ཏུ་མི་སྤྲོས་སོ། །

             གསུམ།  སྒྲ་སྦྱོར་ཡི་གེའི་ཁྱད་ཆོས་མ་བཟུང་བར་དོན་རྫས་ཡི་གེར(语素文字)ལད་ཟློས་བྱས་དྲག་པ།

             “དེ་ཡང་མིའི་རིགས་ཀྱི་ཡི་གེ་ཞེས་པ་ནི་མིའི་རིགས་ཀྱི་སྒྲ་གདངས་དང་འདྲ་བར་མཚོན་བྱེད་ཀྱི་རྣམ་པའི་མ་ལག(符号形式系统)ཅིག་ཡིན་ལ།  ཡི་གེ་ནི་མཐོང་བྱའི་རྣམ་པ(视觉形式)དང་སྒྲ་གདངས་ནི་ཐོས་བྱའི་རྣམ་པ(听觉形式)ཞིག་གོ། །  ཡི་གེའི་བརྗོད་བྱ་ནི་ཁ་སྐད(口语)ཡིན་པ་དང་།  སྒྲ་གདངས་ཀྱི་བརྗོད་བྱ་ནི་བརྡ་དོན(语义)ཡིན།  ཁ་སྐད་ནི་རྣམ་པ་སྒྲ་གདངས་དང་བརྗོད་བྱ་བརྡ་དོན་གཉིས་ཟུང་དུ་སྦྲེལ་བའི་མཚོན་བྱེད་མ་ལག་ཅིག་ཡིན་ནོ། །” ⑨ ཞེས་གསུངས་པ་ལྟར།  ཡི་གེ་རྐྱང་བ་ཁོ་ནས་མིང་དང་དོན་རྫས་སྟོན་པར་བྱེད་པའི་དོན་མཚོན་ཡི་གེ་ཡིན་ཡང་རུང་།  ཡང་ན་ཡི་གེ་རྐྱང་བ་ཁོ་ནས་སྒྲ་ཚིགས(音节)དང་སྒྲ་རྫས(音素)སྟོན་པར་བྱེད་པའི་སྒྲ་སྦྱོར་ཡི་གེ་ཡིན་ཡང་ཆོག  ཡི་གེའི་རྩ་བའི་བྱེད་ནུས་ནི་མཐོང་བྱའི་རྣམ་པའི་ལམ་ནས་ཐོས་བྱའི་ཁ་སྐད་དེ་གཟུགས་སུ་འགོད་པར་བྱེད་པ་དེ་ཡིན།  དེར་བལྟས་ན་ཡི་གེས་ཁ་སྐད་ཁྲོད་ཀྱི་སྒྲ་གདངས་དང་གོ་དོན་ཐོ་ལ་འདེབས་བཞིན་ཡོད་པ་ལས་འདར་མེད།  འོན་ཀྱང་།  ཡི་གེ་གཅིག་གིས་སྒྲ་དོན་ཟུང་འབྲེལ་གྱི་དངོས་ཡོད་མཚན་གཞི་སྟེ་མིང་དང་དོན་རྫས་ཐོ་ལ་འགོད་རུང་བ་དང་།  སྒྲ་ཁོ་ན་སྟེ་སྒྲ་རྫས་དང་སྒྲ་ཚིགས་ཐོ་ལ་བཀོད་ཀྱང་ཆོག  དེ་མིན་སྒྲ་ཞིག་གི་ཁྱད་ཆོས་སམ་རྟགས་མཚན(语音特征)འབའ་ཞིག་གཟུགས་སུ་བཀོད་རུང་ལ།  ཡང་ན་ཡི་གེ་གཞན་དང་ཟུང་དུ་སྦྲེལ་ནས་སྒྲའི་མཚན་གཞི(语音单位)གཅིག་ཀྱང་སྟོན་ཆོག་པ་དང་།  མཐའ་ན་ཅི་ཡང་ཐོ་ལ་མ་བཀོད་ནའང་རུང་།  དཔེར་ན།  གནའ་བོའི་རྒྱ་ཡིག་ལྟ་བུས།  ཡི་གེ་གཅིག་གིས་མིང་གཅིག་སྟོན་པར་བྱེད་པ“妻子”  ཞེས་པས་ཡི་གེ་རེ་རེ་ནས་སྒྲ་དོན་ཟུང་འབྲེལ་གྱི་མིང་རེ་རེ་སྟོན་པ་ལྟ་བུ།  ད་རབས་རྒྱ་ཡིག་ལྟ་བུས།  ཡི་གེ་གཅིག་གིས་དོན་རྫས་རེ་རེ་སྟོན་པ“妻子”  ཞེས་པས།  ཡི་གེ་གཉིས་ཀྱིས་དོན་རྫས་རེ་རེ་མ་གཏོགས་མི་སྟོན་པ་བཞིན་ནོ། །

             བོད་ཡིག་ལྟ་བུས་སྒྲ་ཁོ་ན་སྟེ་སྒྲ་རྫས་སྟོན་པར་བྱེད་པ“སྐྲ”ཞེས་ཡི་གེ་གསུམ་གྱིས་སྒྲ་རྫས་གསུམ་མཚོན་པར་བྱེད་པ་ལྟ་བུ།  ཡི་གེ་གཅིག་གིས་སྒྲ་ཚིགས་གཅིག་སྟོན་པར་བྱེད་པ་ཡང་བོད་ཡིག་གི“ཀ”ཞེས་པ་ལྟ་བུས“ka”ཞེས་པའི་སྒྲ་ཚིགས་གཅིག་མཚོན་པ་ལྟར་རོ། །  སྒྲ་ཞིག་གི་ཁྱད་ཆོས་སམ་རྟགས་མཚན་འབའ་ཞིག་གཟུགས་སུ་འགོད་པ་གནའ་བོའི་བོད་ཡིག་གི“རྫོགས་སྷོ། རྙྷིང་བ།”ཞེས་པའི“ཧ”ཡིག་ལྟ་བུ་དང་།  རྒྱ་ཡིག་གི“花儿、劲儿、宝贝儿、味儿”ལྟ་བུའི“儿”བཞིན་ནོ། །  ཡི་གེ་གཞན་དང་སྦྲེལ་ནས་སྒྲའི་མཚན་གཞི་གཅིག་སྟོན་པར་བྱེད་པ་དབྱིན་ཡིག་གི“think”ཁྲོད་ཀྱི“t”དང “h”གཉིས་ཟུང་འབྲེལ་གྱི་སྒྲ་རྫས་གཅིག་སྟོན་པ་བཞིན་དང་།  ཅི་ཡང་ཐོ་ལ་མི་འགོད་པ་ད་ལྟ་བོད་ཡིག་གི་འགྱུར་ཡིག་ཁྲོད་ཀྱི“པཱ་པ་ལ།  ཅཱ་ཡུའུ་ཀོན”ཞེས་པའི་ཁྲོད་ཀྱི“འ”ལྟ་བུའོ། །  གང་ལྟར་ཡི་གེ་རིགས་གང་ཞིག་ཡིན་ཡང་ཡི་གེ་རྐྱང་བའམ་ཡང་ན་ཡི་གེ་དུ་མ་འདུས་ནས་མིང་གང་ཞིག་ཐོ་ལ་བཀོད་པ་ན།  ད་གཟོད་དེ་ལ་བརྡ་སྐྱེལ་ཀྱི་བྱེད་ནུས་ལྡན་པར་འགྱུར་བཞིན་ཡོད།  དེ་བས་ཡི་གེ་དང་མིང་གཉིས་ནི་འབྲེལ་བ་དམ་ཟབ་ཡོད་ནའང་།  ཡི་གེའི་དབྱེ་ཞིབ་ནི་མིང་གི་དབྱེ་ཞིབ་ཀྱིས་ཚབ་བྱེད་མི་རུང་། 

             གོང་ནས་ཡི་གེ་ཞེས་པ་གང་འདྲ་ཞིག་ལ་ངོས་འཛིན་དགོས་པ་དང་ཡི་གེའི་རིགས་ཧྲག་བསྡུས་སྒོས་བཤད་ཟིན།  དེ་རུ་མིའི་རིགས་ཀྱི་ཡི་གེའི་རང་བཞིན་ནི་གཅིག་ཡིན་ནའང་ནང་གསེས་ཀྱི་ཡི་གེ་རིགས་སོ་སོ་ལ་ཁྱད་པར་ཆེན་པོ་ཡོད་པས།  དེ་དག་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་དུས་སམ་ཡང་ན་དེ་དག་ངོ་སྤྲོད་དུས་སུ་མཐའ་གཅིག་ཏུ་བྱེད་ཐབས་གཅིག་བཀོལ་ནས་བློ་འཇུག་པར་བྱེད་ན་རང་རང་གི་ཁྱད་ཆོས་ཤོར་འགྲོ་བ་དང་གནད་ལ་ཁེལ་མི་ཐུབ་པར་འགྱུར་སྲིད།  ཡིན་ནའང་བསླབ་དེབ་ཏུ་བོད་ཡིག་ནི་སྒྲ་སྦྱོར་གྱི་ཡི་གེ་ཡིན་བཞིན་དུ་སྦྱང་བྱ་སོགས་འཆར་འགོད་བྱེད་དུས་སུ་དོན་མཚོན་གྱི་ཡི་གེ་ལ་འཚམ་པར་བྱས་ནས་རྩོམ་སྒྲིག་གནངས་ཡོད།

             གཞན་ཡང་སྒྲ་སྦྱོར་ཡི་གེའི་ཡི་གེ་རེ་རེས་སྒྲ་རེ་རེ་མཚོན་བཞིན་ཡོད་པས་སྒྲའི་ཁྱད་པར་ཕྲ་ཞིང་ཞིབ་མོར་འབྱེད་རྒྱུ་ནི་ང་ཚོའི་ལས་ཀ་གཙོ་བོ་ཡིན་པ་དང་།  དེའང་བྱེ་བྲག་ཏུ་བཤད་ན་ཡི་གེ་རྐྱང་བས་མཚོན་པའི་སྒྲ་དང་།  ཡི་གེ་དུ་མ་འདུས་ནས་མཚོན་པའི་སྒྲ།  ཡི་གེ་གང་ཞིག་སྒྲ་ཚིགས་ཀྱི་གནས་སོ་སོར་སྦྱར་བའི་སྒྲའི་ཁྱད་པར་སོགས་ཀྱི་དབྱེ་བ་ཕྲ་མོ་ཤེས་རྒྱུ་ནི་ལས་དང་པོ་བ་རྣམས་ཀྱི་འགན་ཁུར་གཙོ་བོ་ཡིན།  དེ་ནས་རིམ་བཞིན་ཡི་གེ་དེ་དག་གིས་མཚོན་པའི་བརྡ་དོན་ཤེས་པར་བྱ་རྒྱུ་དེ་ཡིན་ལ།  དོན་དུ་སྒྲ་ཡི་ཁྱད་པར་ཕྲ་མོ་ཤེས་ཙ་ན་དོན་གྱི་ཁྱད་པར་ཡང་དེ་བཞིན་བདེ་བླག་གིས་རྟོགས་སླ་བ་དང་།  སྒོས་སུ་ཡི་གེའི་གཟུགས་ཀྱི་ཁྱད་པར་ཡང་དེ་ལྟར་ཤེས་ནུས།  དཔེར་ན། “རྣ”དང“སྣ”ཞེས་པ་ངག་ནས་ཀློག་དུས་ར་མགོ་དང་ས་མགོས་མཚོན་པའི་སྒྲ་ཡན་ཆད་ནས་དག་པར་ཀློག་ན།  དེའི་གཟུགས་ཀྱི་ཁྱད་པར་ཡང་བདེ་བླག་གིས་ཤེས་པ་བཞིན་ནོ། །  དེ་མིན་སྐད་བརྡ་གང་ཞིག་དེའི་སྒྲ་གནས་ཕྱོགས་བསྡུས་བྱས་པའི་སྒྲ་རྫས་ལ་ཧ་ཅང་ཚད་ཡོད་དེ།  མང་ནའང་བཅུ་ཕྲག་འགའ་མ་གཏོགས་མེད།  དེའི་རྐྱེན་དེ་དག་མཚོན་བྱེད་ཀྱི་གཟུགས་ཀྱང་ཤིན་ཏུ་བྱ་སླ་སྟེ་སྨྱུག་འབྲི་གཉིས་གསུམ་ཞིག་གིས་འཆར་འགོད་བྱེད་ཐུབ་ལ་ཡི་གེའི་གྲུབ་ཚུལ་ལའང་ནང་གསེས་ནས་ལྷུ་ལག་རེ་རེར་དབྱེ་མི་དགོས།  འདི་དང་ལྡོག་སྟེ།  དོན་མཚོན་ཡི་གེ་ནི་ཐད་ཀར་མིང་ངམ་ཡང་ན་དོན་དང་འབྲེལ་ནས་ཡོད་པས།  དོན་མི་མཚུངས་པ་རྣམས་ནི་གཟུགས་ཀྱི་ཁྱད་པར་ལ་བརྟེན་ནས་སྟོན་བཞིན་ཡོད་ན།  ཡི་གེའི་རེ་རེའི་གཟུགས་ཀྱི་ཁྱད་པར་ཕྲ་མོ་དང་དེའི་གཟུགས་ཀྱི་གྲུབ་ཚུལ།  མཐའ་ན་ཡི་གེའི་ལྷུ་ལག་རེ་རེའི་བསྟན་དོན་སོགས་ཤེས་པར་བྱ་རྒྱུ་ནི་དེའི་ལས་དང་པོ་བ་རྣམས་ཀྱི་འགན་ཁུར་ཡིན་པ་དང་།  སྒྲ་ལ་ཁྱད་པར་མེད་ཀྱང་གཟུགས་མི་འདྲ་བ་དུ་མ་ལ་བརྟེན་ནས་དོན་སོ་སོར་སྟོན་པའང་ཡི་གེ་འདིའི་ཁྱད་ཆོས་ཡིན།  དཔེར་ན།  གནའ་བོའི་རྒྱ་ཡིག་ནི་མིང་གི་ཡི་གེ(词文字)ཡིན་པས།  འདིའི་ཡི་གེ་རེ་རེ་ནི་མིང་རེ་རེ་ལ་ཐོ་ཐུག་པ་དང་།  ཡི་གེ་རེ་རེར་དོན་རེ་རེ་ཡོད་ན།  སྒྲ་གཅིག་ཀྱང་གཟུགས་ཀྱི་ལམ་ནས་དོན་ཀྱི་ཁྱད་པར་འབྱེད་པ་ནི།  “yi55”ཞེས་པའི་སྒྲ་ལ་གཟུགས“一、医、衣、椅、伊、依、漪、噫…”སོགས་བཅུ་ཕྲག་དུ་མ་ཡོད་ཅིང་རེ་རེ་ནས་དོན་རེ་རེ་སྟོན་པ་ལྟ་བུ།  དེ་བཞིན་ད་རབས་རྒྱ་ཡིག་ནི་དོན་རྫས་ཡི་གེ(语素文字)ཡིན་པ་དང་ཡི་གེ་རེ་རེས་དོན་རྫས་སྟོན་བཞིན་པ“一个、医生、衣服、椅子…”ལྟ་བུ།  དེ་མིན་སྐད་བརྡ་གང་ཞིག་གི་དོན་གྱི་ཐོག་ནས་ཕྱོགས་བསྡུས་བྱེད་པའི་མིང་དང་དོན་རྫས་ནི་ཤིན་ཏུ་འབོར་ཆེན་ཡིན་པས།  “རྒྱ་ཡིག་ལ་སྤྱི་སྤྱོད་ཀྱི་ཡི་གེ7000ལྷག་ཡོད” ⑩ པ་ལྟར་རེད།  གཞན་ཡང“རྒྱ་ཡིག་གི་ཡི་གེ་རེ་རེས་ཐོ་ལ་བཏབ་པ་ནི་བྱེ་བྲག་གི་སྒྲ་ཚིགས་རེ་རེ་ཡིན་པ་མ་གཏོགས།  རྒྱ་སྐད་ཁྲོད་ཀྱི་སྤྱི་མཚན་གྱི་སྒྲ་ཚིགས་མིན།” ⑪ ཞེས་པ་དང་།  ཡང“དེས་ཐོ་ལ་བཏབ་པ་ནི་སྒྲ་ཚིགས་རྐྱང་མའི་མིང་དང་དོན་རྫས་ཡིན།” ⑫ ཞེས་པ་སོགས་ལ་བལྟས་ན།  རྒྱ་ཡིག་ནི་ཡི་གེའི་བྱེད་ནུས་དང་མཚོན་དོན་ཡན་ཆད་ནས་བོད་ཡིག་དང་ཁྱད་པར་ཆེན་པོ་ཡོད་ན།  ཡིག་རིགས་འདི་གཉིས་ལ་བློ་འཇུག་ཚེ།  དེའི་སློབ་སྦྱོང་བྱེད་ཐབས་དང་སློབ་སྦྱོང་གི་འགྲོ་རིམ།  མཐའ་ན་གནད་འཛུགས་ས་སོགས་ལའང་ཁྱད་པར་ཆེན་པོ་ཡོད་པས།  བྱེ་བྲག་གི་གནད་དོན་ལ་བྱེ་བྲག་གི་དབྱེ་ཞིབ་བྱེད་དགོས་པ་ཤིན་ཏུ་གལ་ཆེ།  ཡིན་ནའང་།  བསླབ་དེབ་ཀྱིས་འདིའི་ཁྱད་པར་ཕྱེ་མེད་པ་ནི་དཔེར་ན།  ལོ་རིམ་དང་པོའི་སྟོད་ཆའི་ཤོག་ངོས63“ཤེས་བྱའི་དགའ་ཚལ”གྱི“གཤམ་གྱི་ཡི་གེའི་ནང་དོན་སྡུར་དགོས།”ཞེས་པའི་དཔེར་བརྗོད་དུ“ཆེ་དང་ཆུང་།  མང་དང་ཉུང…”སོགས་བཞག་ཡོད།  ང་ཚོས་གོང་ནས་བཤད་པ་ལྟར།  སྒྲ་སྦྱོར་ཡི་གེའི་ཡི་གེ་རྣམས་ཀྱིས་སྒྲ་རྫས་རེ་རེ་སྟོན་ཞིང་ཡི་གེའི་ནང་དོན་ཞེས་པའང་དོན་དུ་སྒྲ་ལས་མ་འདུས་ལ།  ཡི་གེ་དུ་མ་འདུས་ནས་མིང་སྟོན་པར་བྱས་ཚེ་ད་གཟོད་དེ་ལ་བརྡ་དོན་ངེས་ཅན་ཞིག་ཡོད།  དོན་རྫས་ཡི་གེའམ་མིང་གི་ཡི་གེ་ནི་ཡི་གེ་རེ་རེ་ནས་མིང་རེ་རེ་ཡིན་པས་ན་ཡི་གེའི་ནང་དོན་ཞེས་པའང་ཚད་ངེས་ཅན་ཞིག་ནས་མིང་གི་ནང་དོན་ཞེས་པ་དང་དོན་གཅིག་ཏུ་གྲུབ་ཡོད་པས“ཡི་གེའི་ནང་དོན།”ཞེས་བཀོལ་ནའང་འགལ་བ་ཆེན་པོ་མེད།  དེ་བས་གོང་གི“གཤམ་གྱི་ཡི་གེའི་ནང་དོན་སྡུར་དགོས།”ཞེས་པའང་རྒྱ་ཡིག་གི་བསླབ་དེབ་ཀྱི“比较下列字的意思”ཞེས་པར་ལད་ཟློས་བྱས་ནས་ཐོན་པ་ཞིག་ཡིན་པར་འདོད།  ཡང་དེབ་འདིའི་ཤོས་ངོས76གི“གཤམ་གྱི་ཡི་གེའི་གྲུབ་ཚུལ་ངོས་འཛིན་དགོས།”ཞེས་པའི་དཔེར་བརྗོད་དུ“མིག”དང“གཟུགས”གཉིས་བཞག་ཡོད་དེ།  གོང་ནས་བཤད་པ་བཞིན་སྐད་བརྡ་གང་ཞིག་དེའི་སྒྲ་གནས་ཕྱོགས་བསྡུས་བྱས་པའི་སྒྲ་རྫས་ལ་ཧ་ཅང་ཚད་ཡོད་དེ།  མང་ནའང་བཅུ་ཕྲག་འགའ་མ་གཏོགས་མེད།  དེའི་རྐྱེན་དེ་དག་མཚོན་བྱེད་ཀྱི་གཟུགས་ཀྱང་ཤིན་ཏུ་བྱ་སླ་སྟེ་སྨྱུག་འབྲི་གཉིས་གསུམ་ཞིག་གིས་འཆར་འགོད་བྱེད་ཐུབ་ལ་ཡི་གེའི་གྲུབ་ཚུལ་ལའང་ནང་གསེས་ནས་ལྷུ་ལག་རེ་རེར་དབྱེ་མི་དགོས་ཞེས་པ་ལྟར་དོན་དུ་འདིའི་ཡི་གེའི་གྲུབ་ཚུལ་ཞེས་པའང“མིག”དང“གཟུགས”གཉིས་ཀྱི་སྒྲའི་གྲུབ་ཚུལ་དང་ཡང་ན་སྒྲ་ཚིགས་འདི་གཉིས་ཀྱི་གྲུབ་ཚུལ(音节结构)ལ་གོ་བ་སྨྲས་མ་དགོས།  འདི་ནས“ཡི་གེའི་གྲུབ་ཚུལ”ཞེས་བརྗོད་པ་ནི་དོན་དུ་དོན་བརྗོད་ཡི་གེའི“请掌握下列字的形体结构”ཞེས་པར་ལད་ཟློས་བྱས་ནས་བྱུང་བ་ཡིན་པར་འདོད་དོ། །  འདི་ལྟར་རྒྱ་ཡིག་གི“字”བྱུང་ཡོད་ས་ཚང་མར་བོད་ཡིག་གིས་ཀྱང་ཁྱད་མེད་པར“ཡི་གེ”ཞེས་བཀོལ་ན།  སྤྱིར་ཡིག་རིགས་མི་གཅིག་པ་གཉིས་ཡིན་པས་གཅིག་ནས་བོད་ཡིག་གི་སྒྲ་སྦྱོར་ཡི་གེའི་ཁྱད་ཆོས་དང་མི་མཐུན་པ་དང་།  གཉིས་ནས་སྐད་ཡིག་གི་བརྡ་ཆད་ལ་ཞིབ་ཆ་མེད་པར་གྱུར་ནས་སློབ་མ་ཚོས་ངོས་འཛིན་དཀའ་བར་འགྱུར་རོ། །  འོ་ན་གནད་དོན་འདིའི་ཁུངས་གང་ལ་ཐུག་ཡོད་ཅེ་ན།  གཙོ་བོར་སྐད་བརྡའི་བརྡ་ཆད་དེ“ཡི་གེ”ཞེས་པ་དང“མིང”ཞེས་པ་སོགས་འཆད་དུས་སུ་མ་ལག་གི་འདུ་ཤེས་མེད་པར་མཉམ་དུ་བསྲེས་ནས་བཤད་པར་འབྲེལ་བ་ཡོད་པས་གཤམ་གྱི་ས་བཅད་ནས“ཡི་གེ”དང“མིང”གཉིས་ཀྱི་འབྲེལ་དང་ཁྱད་པར་རགས་བསྡུས་སྒོ་ནས་ཅུང་ཟད་གླེང་བར་བྱ།

             གསུམ་པ།  ཡི་གེ་དང་མིང་གི་འབྲེལ་བ་དང་ཁྱད་པར།

             ཡི་གེ་དང་མིང་གི་འབྲེལ་བ་དང་ཁྱད་པར་བཤད་པ་ལ་ཐོག་མར་ཡི་གེ་དང་མིང་གཉིས་ལས་གང་ཞིག་ནི་སྐད་བརྡའི་མགོ་ཁུངས(语言的起源)ཡིན་པ་ཤེས་དགོས་ལ།  ཡང་གཅིག་བཤད་ན་གང་ནི་རང་བཞིན་དང་པོ(第一性)དང་གང་ནི་རང་བཞིན་གཉིས་པ(第二性)ཡིན་པ་ངེས་དགོས།  དེ་ཡང“སྒྲ་སྦྱོར་ཡི་གེ་དང་དོན་མཚོན་ཡི་གེ་གང་ཡིན་ཡང་རུང་།  ཁྱད་མེད་པར་ཁ་སྐད(口语)⑬ཐོ་ལ་འགོད་བྱེད་ཀྱི་རྟགས་མཚན་ཞིག་ཡིན་པ་ནི་མིའི་རིགས་ཀྱི་ཡི་གེའི་ཐུན་མོང་གི་ཁྱད་ཆོས་ཡིན།” ⑭ཞེས་དང་།  གཞན་ཡང“ཁ་སྐད་ནི་སྒྲ་དང་དོན་ཟུང་དུ་འབྲེལ་བའི་རྟགས་མཚན་མ་ལག(符号系统)ཅིག་ཡིན་ཏེ།  ཡིག་སྐད་ནི་ཡི་གེ་དང་ཁ་སྐད་ཟུང་དུ་སྦྲེལ་བའི་རྟགས་མཚན་མ་ལག་ཅིག་ཡིན།  ཁ་སྐད་གང་ཞིག་དོན་དང་བྲལ་ན་དེ་ནི་རང་བྱུང་ཁམས་ཀྱི་སྒྲ་ཁོ་ནར་ཟད་དེ།  ཡིག་སྐད་གང་ཞིག་ཁ་སྐད་དང་བྲལ་ན་དེ་ནི་སྤྱིར་བཏང་གི་རི་མོ་ཞིག་དང་གཉིས་སུ་མ་མཆིས།” ⑮ཟེར་ནས་ཡི་གེ་ནི་དུས་ནམ་ཡང་ཁ་སྐད་དང་འབྲལ་མི་ཐུབ་པའི་ལྟ་བ་བཏོན་ཡོད།  འོ་ན་ཁ་སྐད་ལ་མཚོན་ན་མིང་ནི་དེའི་ཆེས་རྩ་བའི་མཚན་གཞི(基本单位)ཡིན་ལ།  ཁ་སྐད་ཀྱི་མགོ་ཁུངས་ཀྱང་མིང་ཡིན་པ།  མི་རིགས་གང་གི་སྐད་ཡིན་ཡང་ཡི་གེ་མ་བརྩམས་པའི་ཡར་སྔོན་ཞིག་ཏུ་དེ་ལ་མིང་གི་མ་ལག(词汇系统)འཛོམས་པོ་ཞིག་ཡོད་པ་ལྟ་བུ་དང་།  ཡང་ན་ཡི་གེ་མི་ཤེས་པ་རྣམས་ཀྱིས་ཀྱང་མིང་གི་ལམ་ནས་བརྡ་ལེགས་པར་སྤྲོད་ཐུབ་པ་དང་།  ཡང་ན་བྱིས་པའི་ཐོག་མར་སྐད་ཆ་སྦྱོང་དུས་ཀྱང་མིང་རེ་རེ་ནས་མགོ་བརྩམས་ཏེ་ཡི་གེ་ལ་བརྟེན་མི་དགོས་པ་ལྟ་བུའོ། །  དེ་བས་ང་ཚོས་སྐད་བརྡའི་མགོ་ཁུངས་ནི་མིང་ཡིན་པ་དང་།  མིང་དང་ཡི་གེ་གཉིས་ལས་རང་བཞིན་དང་པོའང་མིང་ཡིན་པ་ཤེས་ཐུབ།  དེས་ན་ཡི་གེ་ནི་ཅི་ཞིག་ཡིན་ཟེར་ན་སྲོལ་རྒྱུན་བརྡ་སྤྲོད་རིག་པ་དང་དེང་རབས་སྐད་བརྡ་རིག་པ་གཉིས་ཀྱིས་དེ་ལ་གོ་བ་ལེན་སྟངས་མི་འདྲ་སྟེ།  རེ་རེ་བཞིན་བཤད་ན།

             དེ་ཡང་ཐོག་མར་སློབ་དཔོན་ཐོན་མི་སམ་བྷོ་ཊས“ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །  མིང་གི་ཁོངས་ནས་ཚིག་ཕྱུང་བྱ། །”ཞེས་གསུངས་པར་བལྟས་ན།  མིང་ནི་ཡི་གེའི་ཁོངས་ནས་བྱུང་བ་དང་།  ཡི་གེ་དང་མིང་གཉིས་ལས་ཡི་གེ་སྔོན་མ་ཡིན་པ་ལྟར་སྣང་།  འོན་ཀྱང་ང་ཚོས་གོང་ནས་བཤད་པ་བཞིན་སྐད་བརྡའི་མགོ་ཁོངས་ནི་མིང་ཡིན་ཟེར་བ་ལ་གཞི་བཅོལ་ན།  སློབ་དཔོན་གྱི་དགོངས་པའང་འདི་ལྟར་གོ་བ་བླངས་ན་མི་འོས་སྙམ།  འདིའི་ཡི་གེ་ཞེས་པ་ནི་སྐད་ཀྱི་གདངས་ཞིག་ཡིན་པ་གཞི་བཞག་གི་ཐོག་ནས།  དེ་ཉིད་བརྡ་དོན་གང་ཞིག་དང་སྦྲེལ་ཚེ།  ད་གཟོད་སྒྲ་དོན་ཟུང་ལྡན་གྱི་མིང་ཞིག་གི་མཚོན་བྱེད་དུ་འགྲུབ་སྲིད་ཅེས་པའི་དོན་ཡིན་པར་འདོད་དོ། །  དེ་ནས་ཀརྨ་སི་ཏུ་རིན་པོ་ཆེས“དེའང་ཡི་གེ་ཞེས་བྱ་བ་ནི་ལེགས་སྦྱར་གྱི་སྐད་དུ།  ཨཀྴ་ར་སྟེ་མིག་ལྟ་བུ་འདྲེན་བྱེད་ལྟ་བྱེད་ལ་སོགས་པ་མིང་དུ་མས་བསྙད་དུ་ཡོད་ལ་ཀ་ལྟ་བུ་གཞན་གྱི་མ་ཡིན་པས་འགྱུར་མེད་དོ། །” ⑯ཞེས་གསུངས་པ་ལ་ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་གིས“སི་ཏུས་བཤད་པ་ལ་འཐད་པར་མི་མཐོང་སྟེ།  ཀ་ལའང་སྡེ་བ་དང་པོའི་དང་པོ་དང་།  ཀ་སྡེའི་དང་པོ།  གསལ་བྱེད་ཀྱི་ཐོག་མ་སོགས་མིང་དུ་མས་བསྙད་དུ་ཡོད་པས་ན་དེ་ཙམ་གྱིས་འགྱུར་མེད་ཀྱི་དོན་མི་ཤོད་དོ” ⑰ཞེས་བགག་པ་གནངས་ཡོད།  ཡང་ཁོང་ཚང་གིས“ཨཀྴ་ར་ནི་མི་འགྱུར་བ་ཞེས་པ་སྟེ།  ཨ་སོགས་དབྱངས་དང་།  ཀ་སོགས་གསལ་བྱེད་ཀྱི་གདངས་ལ་བརྡ་མི་མཐུན་པའི་སྐྱེ་བོ་སུས་ཀྱང་གསར་དུ་བསྒྱུར་བའི་དོད་ཐུབ་ཀྱི་གདངས་ཀྱིས་མཚོན་མི་ནུས་པས་ན་དེ་སྐད་ཅེས་བྱའོ། །” ⑱ཞེས་གསུངས་ཡོད་པ་ཤིན་ཏུ་ནས་ཀྱང་དོན་དང་མཐུན་པར་འདོད་དེ།  སྒྲ་གདངས་རིག་པ་ནས་བཤད་ན།  འདི་ནི་སྒྲ་སྦྱོར་ཡི་གེའམ་སྒྲ་རྫས་ཡི་གེ་འཆར་འགོད་བྱེད་པའི་རྩ་དོན་ཏེ།  སྒྲ་རྟགས་གཅིག་གིས་སྒྲ་གཅིག་འབའ་ཞིག(一个音标对应一个音)ལས་མི་མཚོན་ཞེས་པའི་དོན་ཡིན་ལ།  རྒྱལ་སྤྱིའི་སྒྲ་རྟགས་ཀྱི་རྩ་དོན་ཡང་འདི་ཅི་ལ་མིན་ཨང་།  འོན་ཀྱང་ཡང་དེའི་འཕྲོར“ལེགས་སྦྱར་གྱི་དབྱངས་གསལ་ཡི་གེ་སྐད་བརྡ་མི་མཐུན་པའི་སྐྱེ་བོ་སུས་ཁ་ནས་བརྗོད་ཀྱང་གདངས་མི་འགྱུར་བའི་ཆ་ནས་མི་འགྱུར་བ་ཞེས་བཤད་པ་དེ་མི་འཐད་དེ།” ⑲ཞེས་ནས“བོ་དྷི”ཞེས་པ་སློབ་དཔོན་ཐོན་མི་དང་ཐང་ཟིན་བླ་མ་རྣམ་གཉིས་ཀྱི་གདངས་མི་གཅིག་པ་ཡིན་ཚུལ་དང་།  བོད་སྐད་ཀྱི་ངག་དབང་ཞེས་པར་རྒྱ་སྐད་ཀྱིས་དེ་ལྟར་མི་འབོད་ཚུལ།  རྟ་ལྟ་སྟ་གསུམ་ལ་ཏ་ལྟར་ཀློག་ཚུལ་སོགས་སྒྲུབ་བྱེད་དུ་བཀོད་དེ།  དོན་དུ་ཡི་གེའི་གདངས་ཀྱི་རྣམ་པ་གཞན་དུ་མི་འགྱུར་བ་ཡིན་པའི་དགོངས་པ་བཏོན་ཡོད།  འདི་ནི་ཐུགས་མཉམ་མ་བཞག་པ་ཡིན་པར་འདོད་དེ།  “བོ་དྷི”ཞེས་པ་སྐྱེ་བོ་མི་འདྲ་བའི་ངག་ནས་ཀློག་ཚེ་གདངས་མི་མཚུངས་པ་ཐོན་པ་ནི“བོ་དྷི”ཞེས་པས་མཚོན་པའི་སྒྲ་དེར་འགྱུར་བ་བྱུང་བ་མ་ཡིན་པར་སྐྱེ་བོ་གང་གི་སྒྲ་མ་དག་པའི་སྐྱོན་ཡིན་པར་སེམས།  “བོ་དྷི”ཞེས་པས་ནམ་ཡིན་ཡང་རང་གི་མཚོན་བྱའི་སྒྲ་དེ་མ་གཏོགས་མི་སྟོན།  དེ་བཞིན་རྟ་ལྟ་སྟ་གསུམ་ལའང་རང་རང་གི་མཚོན་བྱ་སྒྲ་མི་འདྲ་བ་རེ་རེ་ཡོད་པ་ལས་ཚང་བ་དཀྱུས་གཅིག་ཏུ་ཏ་བཞིན་ཀློག་པའང་སྐྱེ་བོའི་ངག་མ་དག་པས་སྐྱོན་རེད་བསམས།  དེ་མིན“ཡི་གེ་གདངས་ཀྱི་རྣམ་པ་གཞན་དུ་མི་འགྱུར་བ།”ཞེས་པར་ཡང་འཐད་པར་མི་སེམས་ཏེ།  ཡི་གེ་གང་ཞིག་སྐད་ཆའི་རྒྱུན་དུ་བཞག་ན་དེའི་རྣམ་པ་གཞན་དུ་འགྱུར་བ་དཔེར་ན།  “ན”ནི་རྐྱང་བར་བཀླགས་ཚེ་སྒྲ་ལྡན་སྲོག་ཆུང་དང་།  སྲོག་ཆེན་གྱི་ཡི་གེ“ས”དང་སྦྱར་བ་ནས“སྣ”རུ་གྲུབ་ཚེ།  སྣ་སྒྲ་སྲོག་ཆེན་གྱི་སྒྲ་ལྟར་ཀློག་པ་བཞིན་ནོ།  འདི་ནི་དོན་དུ་སྒྲའི་རྣམ་པ་ལ་འགྱུར་བ་བྱུང་བ(音变)མ་ཡིན་ནམ།  ཡང་བོད་ཀྱི་མཁས་པ་མང་པོ་ཞིག་གིས་དཀྱུས་གཅིག་ཏུ།  ཡི་གེའི་མཚན་ཉིད་ལ་མིང་དང་ཚིག་གི་རྩོམ་གཞིར་གྱུར་བའི་སྐད་ཀྱི་གདངས་ཞེས་བཞག་པ་སོགས་ལ་བལྟས་ན།  བོད་སྲོལ་རྒྱུན་བརྡ་སྤྲོད་རིག་པ་རུ་ཡི་གེ་ནི་སྐད་ཀྱི་གདངས་ཤིག་ལ་གོ་བཞིན་པ་རྒྱུགས་ཆེ།  འོན་ཀྱང་སྐད་བརྡའི་ལག་ལེན་ཁྲོད་དུ་ཡི་གེ་ལ་སྐད་ཀྱི་གདངས་ལས་དོན་མང་པོ་ཞིག་སྟོན་དུ་ཡོད་པ།  “ཡི་གེ་འབྲི་དགོས།”ཞེས་དུས་དེ་ནི་གཟུགས་ཤིག་ལ་གོ་བཞིན་ཡོད་པ་དང་།  “ཡི་གེའི་དོན་སྡུར་དགོས།”ཞེས་དུས་དེ་ནི་མིང་དུའང་གོ་བཞིན་ཡོད་ལ།  “སློབ་མ་འདི་ཡི་གེ་ལ་ཤིན་ཏུ་བཟང་།”ཞེས་དུས་དེ་ནི་རིག་གནས་སམ་ཡོན་ཏན་ལའང་གོ་བཞིན་ཡོད།  དེ་བས་སྲོལ་རྒྱུན་བརྡ་སྤྲོད་རིག་པ་རུ“ཡི་གེ”ཞེས་པའི་སྐད་བརྡའི་བརྡ་ཆད་འདི་ནི་དོན་མང་ཅན་ཞིག་ཡིན་ན་ཚན་རིག་གི་བརྡ་སྤྲོད་བྱེད་ཅིག་ཏུ་མི་འཚམ་པས་ང་ཚོས་མ་ལག་མི་འདྲ་བ་དང་རྣམ་བཞག་མི་འདྲ་བའི“ཡི་གེ”རྣམས་ལ་བརྡ་ཆད་གསར་དུ་བཏགས་ནས་ཞིབ་ཚགས་རང་བཞིན་དང་ལྡན་པར་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་འདོད་དོ། །  གཤམ་ནས་དེང་རབས་སྐད་བརྡ་རིག་པས་ཡི་གེ་དང་མིང་གཉིས་ལ་གོ་བ་ཇི་ལྟར་ལེན་པ་མདོར་བསྡུས་ཀྱིས་བཤད་པར་བྱ།

             དེ་ཡང་ཡིག་སྐད་དང་ཁ་སྐད་གཉིས་མི་འདྲ་སྟེ།  ལ་ལས་དེ་ལ་གོ་བ་གསལ་བོར་ལོན་མེད།  ལ་ལས་དེ་གཉིས་གཅིག་ཏུ་བསྲེས་བཞིན་འདུག  དོན་དུ་སྐད་བརྡ་གང་དེ་མཚོན་བྱེད་ཀྱི་རྣམ་པ་མི་འདྲ་བའི་སྒོ་ནས་དེ་ལ་ཁ་སྐད་དང་ཡིག་སྐད་རིགས་གཉིས་སུ་དབྱེ་ལ།  སྒྲ་དོག་འཇུག་གི་སྐད་བརྡ་ནི་ཁ་སྐད་ལ་གོ  ཡཱ་ལི་ཧྲི་ཏོ་ཏོས“ཁ་སྐད་ནི་ནང་སེམས་ཀྱི་ཉམས་མྱོང་ངམ་དོན་སྤྱིའི་རྟགས་མཚན(心灵经验符号)དང་།  ཡིག་སྐད་ནི་ཁ་སྐད་ཀྱི་རྟགས་མཚན་ཡིན།” ⑳ཞེས་གསུངས་ཡོད་པ་དང་།  སུའོ་ཞུ་ཨར་ལགས་ཀྱིས“སྐད་བརྡ་རིག་པའི་ཡུལ་ནི་ཐོ་ལ་བཀོད་པའི་མིང་དང་ཁ་ནས་བཤད་པའི་མིང་གཉིས་ཟུང་དུ་སྦྲེལ་བ་དེ་མ་ཡིན་པར།  ཕྱི་མ་དེ་ཁོ་ནས་གྲུབ།” 21 ཞེས་གསུངས་འདུག་ཀྱང་།  མི་རྣམས་ཀྱིས་རྟག་ཏུ་ཡི་གེ་བརྒྱུད་དེ་ཡིག་སྐད་ནས་སྐད་བརྡ་གང་དེ་ངོས་འཛིན་བཞིན་ཡོད་པས།  ཐོ་རུ་བཏབ་པའི་མིང་གིས་ནམ་ཡིན་ཡང་གོ་གནས་གལ་ཆེན་ཞིག་ཟིན་ཡོད།  འོན་ཀྱང་དེ་ནི“མི་གང་ངོ་ཤེས་པར་མི་དེ་རང་ཐད་ཀར་མཐོང་བ་ལས།  མི་དེའི་འདྲ་པར་བརྒྱུད་དེ་ཤེས་པར་བྱས་ན་སྟབས་བདེ་བ་བཞིན་རེད།”ཞེས་དཔེ་དྲངས་ནས་སྐད་བརྡའི་ཁྲོད་ཀྱི་ཁ་སྐད་དང་ཡིག་སྐད་བར་གྱི་འབྲེལ་བ་ནི་མཚོན་བྱ་མཚོན་བྱེད་ཀྱི་འབྲེལ་བ་ཡིན་པ་གསལ་བར་བཤད་ཡོད།  དེ་བས་ཡིག་སྐད་ནི་ཁ་སྐད་ཀྱི་རྨང་གཞིའི་སྟེང་ནས་བྱུང་བ་དང་།  དེ་གཉིས་ཀ་སྐད་བརྡའི་མཚོན་བྱེད་རྣམ་པ(表现形式)ཞིག་ཡིན་པའི་ཆ་ནས།  དེ་གཉིས་ཀའི་རྩ་བའི་མཚན་གཞི་ནི་མིང་སྟེ།  སྔ་མའི་མཚན་གཞི་ནི་ཁ་སྐད་ཀྱི་མིང(口语词)དང་།  ཕྱི་མའི་མཚན་གཞི་ནི་ཡིག་སྐད་ཀྱི་མིང(书面词)ཡིན་པ་ལྟར་རོ། །  འོ་ན་ཡི་གེ་ནི་ཡིག་སྐད་ཀྱི་རྣམ་པའི་སྒྲིག་གཞི་ཁྲོད་ཀྱི་རྩ་བའི་མཚན་གཞི་སྟེ།  དེ་དག་ནི་ཨང་སྒྲིག(编码)བྱས་ཤིང་ཡིག་སྐད་ཀྱི་མིང་དུ་གྲུབ་པ་དང་།  དེ་ནས་ཁ་སྐད་དང་སྦྲེལ་ན་ད་གཟོད་བརྡ་ལེགས་པར་སྤྲོད་ཐུབ།  དེ་མིན།  ང་ཚོས་གོང་ནས་བཤད་པ་ལྟར།  ཁ་སྐད་ཀྱང་བརྡ་དོན་དང་བྲལ་ན་རང་བྱུང་ཁམས་ཀྱི་སྒྲ་ལས་མ་ཟད་ཟེར་བ་བཞིན།  བརྡ་དོན་ནི་ཁ་སྐད་དང་ཡིག་སྐད་ཀྱི་རྣམ་ཤེས་སམ་སྲོག་ཤིང་ལྟ་བུར་གྱུར་ཡོད།  དེ་བས་སྐད་བརྡ་ལ་བརྡ་དོན་གྱི་རྣམ་བཞག་དང་།  རྣམ་པའི་རྣམ་བཞག་སྟེ།  རྣམ་པའི་རྣམ་བཞག་ལའང་ནང་གསེས་ནས་ཐོས་བྱའི་རྣམ་པ(听觉形式)དང་མཐོང་བྱའི་རྣམ་པ(视觉形式)བཅས་འདུས་པས་གཤམ་གྱི་སྒྲིག་གཞི་འདི་ལྟ་བུ་གྲུབ་ཡོད།

             1.སྐད་བརྡ=བརྡ་དོན+རྣམ་པ། 

                སྒྲ་གདངས།                     

             2.རྣམ་པ།     3.ཁ་སྐད=བརྡ་དོན+སྒྲ་གདངས།  4. ཡིག་སྐད=( བརྡ་དོན+སྒྲ་གདངས) +ཡི་གེ།

             ཡི་གེ

             དོན་རྫས།      སྒྲ་རྫས།      སྨྱུག་འབྲུ།

             མིང་།        སྒྲ་ཚིགས།     ཡི་གེ

             4.བརྡ་དོན།    མིང་འདུས་མ།   5.སྒྲ་གདངས།     སྒྲ་ཚིགས་འདུས་མ།    6.ཡི་གེ      ཡི་གེ་འདུས་མ།

             ཚིག        ཚིག་གི་སྒྲ།(句音)         ག་གི་གཟུགས།(句形)

             གོང་གི་རི་མོ་ལས་ང་ཚོས་སྐད་བརྡའི་རྩ་བའི་མཚན་གཞི་འདི་དག་གི་ཁྱབ་ཁོངས་དང་དེ་དག་བར་གྱི་འབྲེལ་བ།  ཁྱད་པར་སོགས་གསལ་བོར་ཤེས་ལ།  དེའང་ཇེ་གསལ་དུ་གཏོང་བའི་ཆེད་དུ་གཤམ་ནས་དཔེ་དང་བཅས་ཏེ་བཀོད་ན།

             རྣམ་པ:ཡི་གེ                 

             1.ཡིག་སྐད།  རྣམ་པ:སྒྲ་གདངས།           

             ནང་དོན:ཁ་སྐད།

             ནང་དོན:བརྡ་དོན།

             དཔེར་བརྗོད།

             བརྡ་དོན་གྱི་མཚན་གཞི། དོན་རྫས།       དོན་རྫས་འདུས་མ།        མིང་།        མིང་ཚོམས།

             ཀ།     རྒྱ་སྐད་ཀྱི་དཔེ་བརྗོད་།新*闻*学     新闻*?      新闻学     新闻+学科

             བོད་སྐད་ཀྱི་དཔེ་བརྗོད། གསར*འགྱུར*རིག*པ   གསར་འགྱུར*? གསར་འགྱུར་རིག་པ  གསར་འགྱུར་གྱི་རིག་པ།

             སྒྲ་གདངས་གྱི་མཚན་གཞི། སྒྲ་རྫས།        སྒྲ་རྫས་འདུས་མ།          སྒྲ་ཚིགས།          སྒྲ་ཚིགས་འདུས་མ།

             ཁ།    རྒྱ་སྐད་ཀྱི་དཔེ་བརྗོད་།   x*u*e          *ue            xue      xin + wen + xue

             བོད་སྐད་ཀྱི་དཔེ་བརྗོད། ར **ག*པ           ིག                        རིག              རིག+པ།

             ཡི་གེའི་མཚན་གཞི།    སྨྱུག་འབྲི།          ལྷུ་ལག          ཡི་གེ            ཡི་གེ་འདུས་མ།

             ཀ།    རྒྱ་སྐད་ཀྱི་དཔེ་བརྗོད་།、*一     木*目        相       相+互

             བོད་སྐད་ཀྱི་དཔེ་བརྗོད། ེ*།             ཱ*?     པཱེ།             པཱེ+ཙང་།

             གོང་ནས་རྣམ་བཞག་དང་མ་ལག་མི་འདྲ་བའི་སྐད་བརྡའི་བརྡ་ཆད་དག་དཔེ་དང་སྦྱར་ནས་གསལ་བར་བཀོད་ཅིང་།  དེ་རུ་ང་ཚོས་ས་བཅད་འདིའི་བཤད་བྱར་གྱུར་བའི་མིང་དང་ཡི་གེ  སྐད་ཀྱི་གདངས་སོགས་ཀྱི་འབྲེལ་བ་དང་ཁྱད་པར་ཡང་གསལ་བོར་མཐོང་ཐུབ་པ་དང་།  དེ་དག་ནི་རྣམ་བཞག་མི་འདྲ་བའི་ཁྲོད་ཀྱི་བསྟན་བྱ་ཡན་གར་གྱི་སྐད་བརྡའི་བརྡ་ཆད་འབའ་ཞིག་ཡིན་ན།  ང་ཚོས་སྐད་བརྡའི་ལག་ལེན་ནམ་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་དེ་རྣམས་ཀྱི་ཁྱད་པར་ཕྲ་མོ་མ་ཕྱེ་བར་ར་ལུག་མཉམ་བསྲེས་ཀྱི་ཚུལ་དུ་སྐྱུར་ན་སློབ་མ་ལས་དང་པོ་བ་རྣམས་ལ་དཀའ་ཁེགས་ལྷག་མ་བཟོས་ཡོད་ཅེས་འདོད་དོ། །

             མཇུག་བསྡུ་བ།

             ཚན་པ་འདི་ནས་གོང་གི་ལྟ་ཚུལ་དག་མདོར་བསྡུས་ན།  སློབ་ཆུང་སློབ་མའི་བོད་ཡིག་གི་བསླབ་དེབ་ཁྲོད་དུ“ཡི་གེ”ཞེས་པ་དེ་སྒྲ་གདངས་ལ་གོ་བའི་སྐབས་ཤིག་དང་།  མིང་ལ་གོ་བའོ་དུས་ཤིག  ཡིག་གཟུགས་ལ་གོ་བའི་ཚེ་ཞིག་བཅས་ཡོད་པ་དང་།  དེ་དག་ནི་དེང་རབས་སྐད་བརྡ་རིག་པ་ནས་བལྟས་ན།  མ་ལག་མི་འདྲ་བ་དང་རྣམ་བཞག་མི་འདྲ་བའི་བརྡ་ཆད་རྐྱང་རྐྱང་རེད།  འདི་ལྟར་དཀྱུས་གཅིག་ཏུ“ཡི་གེ”ཞེས་བོས་ན།  གཅིག་ནས་སློབ་མ་ཚོས་གོ་བ་ལོན་དཀའ་བར་འགྱུར་བ་དང་།  གཉིས་ནས་སློབ་མའི་རིགས་འབྱེད་ཀྱི་ནུས་པར་གནོད་པ་ཐེབས་སྲིད་པས།  ང་ཚོས་བོད་སྐད་ཀྱི“ཡི་གེ”ཞེས་པ་དེ་སྐད་ཀྱི་གདངས་ལ་གོ་བའི་ཚེ།  སྒྲ་གདངས་རིག་པའི་མ་ལག་གི“སྒྲ་རྫས”དང“སྒྲ་ཚིགས”སོགས་དང་།  མིང་ལ་གོ་བའི་སྐབས་མིང་གི་རྣམ་བཞག་གི“དོན་རྫས”དང“མིང”།  ཡིག་གཟུགས་ལ་གོ་བའི་དུས།  ཡི་གེའི་མ་ལག་གི“ཡི་གེ”དང“ཡི་གེ་འདུས་མ”སོགས་ཀྱི་བརྡ་ཆད་འདི་དག་ཚུར་བླངས་ནས་བེད་སྤྱད་ན།  གཅིག་ནས་ཚན་རིག་ཞིབ་འཇུག་གི་ཞིབ་ཚགས་རང་བཞིན་དང་ནན་ཏན་རང་བཞིན་ཞེས་པའི་རེ་བ་དང་མཐུན་པ་དང་།  གཉིས་ནས་སློབ་མ་ཚོས་དེ་དག་གི་ཁྱད་པར་དང་འབྲེལ་བ་སོགས་བདེ་བླག་གིས་རྟོགས་པར་སྨན་ནོ་ཞེས་པ་དེའོ། །

             མཆན་དང་དཔྱད་གཞིའི་ཡིག་རིགས།

             ①彭泽润、李葆嘉,语言理论[M],长沙,中南大学出版社,2009年,第9-14页。

             ②⑦⑨⑩⑮彭泽润,字和词研究[M],北京,中国文史出版社,2005年,第18、26、26、50、39页

             ③④འཇིགས་བྱེད་སྐྱབས།  ཚོད་ལྟ་སྒྲ་གདངས་རིག་པ་ནས་བོད་ཡིག་གི་གསལ་བྱེད་མཐའ་མ་ཨ་ལ་དཔྱད་པ། [J] པེ་ཅིང་།  ཀྲུང་གོའི་བོད་རིག་པ།  སྤྱི་ལོ2020ལོའི་འདོན་ཐེངས3པ། ཤོས་ངོས161、164

             ⑤朱智贤,小学生字词概念综合性分类能力的实验研究[J],心理学报,1982(2),第302-310页。

             ⑥朱勤,谈谈如何培养学生的分类能力[J],泸州职业技术学院学报,2004(4),第48-59页。

             ⑧亨宁×雷茨,阿拉德×琼曼《语音学:标音、产生、声学和感知》[M],北京,中国社会科学出版社,2018年,P13-19

             ⑪王伯熙,文字的分类和汉字的特点[J],北京,中国语文,1984年,第2期。

             ⑫郑林曦,汉字记录的是汉语的哪个层次[J],北京,语文建设,1984年,第2期。

             ⑬འདིའི་ཁ་སྐད་ཅེས་པ་ནི་སྐད་བརྡ་རིག་པ་ལས་བཤད་པའི口语ཞེས་པར་གོ་བཞིན་པ་ལས།  ཡུལ་སྐད་དང་ལུང་སྐད་སོགས་ལ་གོ་མི་རུང་།

             ⑭吕叔湘,语言和语言学[J],上海,语文学习,1958年,第23页。

             ⑮彭泽润,字和词研究[M],北京,中国文史出版社,2005年,第39页。

             ⑯ཀརྨ་སི་ཏུ།  སི་ཏུ་འགྲེལ་ཆེན། [M] ཟི་ལིང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  སྤྱི་ལོ2011 ལོ། ཤོས་ངོས34

             ⑰⑱⑲ཚེ་ཏན་ཞབས་དྲུང་།  ཐོན་མིའི་ཞལ་ལུང་། [M] ལན་གྲུ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  སྤྱི་ལོ2005 ལོ། ཤོས་ངོས70、69、86

             ⑳亚里士多德,工具论[M],广州,广东人民出版社,1984年,第9页。

             21索绪尔,普通语言学教程[M],北京,商务印书馆,1980年,第47-48页。

རྩོམ་སྒྲིག་པ། སྣང་རྡོར།