“ཞག་སྡོད་ལམ་ལུགས་ཀྱི་སློབ་གསོའི་སྐོར་གླེང་སྐབས། ང་ཚོས་རང་ཉིད་དངོས་སུ་བརྒྱུད་མྱོང་མཁན་དང་ཁོང་ཚོའི་མྱོང་ཚོར་ཁྲོད་ནས་ཞག་སྡོད་ལམ་ལུགས་ཀྱི་སློབ་གསོར་གོ་བ་ལེན་དགོས། མིའི་རིགས་ཀྱི་རིག་པའི་ངོས་ནས་བརྗོད་ན། ང་ཚོས་རང་ངོས་ཀྱི་ངོས་འཛིན་ཁོ་ནར་བརྟེན་མི་རུང་བར། ས་གནས་དེ་གའི་མིའི་ལྟ་སྟངས་ཐོག་ནས་སྣང་ཚུལ་ཤེས་རྟོགས་གང་ཐུབ་བྱེད་དགོས”ཞེས་ཉེ་ཆར་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་འབུམ་རམས་པ་པད་མ་མཚོས་བོད་ལྗོངས་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གསོའི་ཐད་ཀྲུང་གོ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
པད་མ་མཚོ་ནི་བོད་ལྗོངས་བྱང་ཐང་གི་ནག་ཆུར་སྐྱེས་ཤིང་། དེ་གར་ནི་བོད་ལྗོངས་ཀྱི་དཔེ་མཚོན་འབྲོག་ཁུལ་ཞིག་ཡིན་པས། ཁོང་གིས་འབྲོག་ཁུལ་གྱི་ཁོར་ཡུག་འོག་གི་ཞག་སྡོད་ལམ་ལུགས་སློབ་གསོར་དེ་བས་རྒྱུས་མངའ་ཆེན་པོ་ཡོད། ཁོང་གི་ངེས་ཤེས་ཁྲོད་ནག་ཆུ་དང་འདྲ་བའི་ས་ཆ་མང་པོ་ཞིག་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བས་ཐག་ཉེ་སར་སློབ་གཉེར་བྱེད་ཁག་པོ་ཡོད།
ཁོང་གིས་སྐྱེ་ཁུངས་འབྲོག་ཁུལ་ནས་ཡིན་པའི་མཐོ་སློབ་དགེ་རྒན་ཞིག་གི་སློབ་གཉེར་བརྒྱུད་རིམ་དག་གླེང་ཞིང་། དགེ་རྒན་ཁོང་ནི་ནག་ཆུ་ཉི་མ་རྫོང་དུ་སྐྱེས་པ་དང་། ཁོང་ཚོའི་ཁྱིམ་དང་ཐག་ཉེ་ཤོས་ཀྱི་སློབ་ཆུང་ནི་བར་ཐག་སྤྱི་ལེ45ཙམ་ཡོད་པའི་ཞང་་དུ་ཡོད་པས། གལ་ཏེ་རྐང་ཐང་དུ་བསྐྱོད་ཚེ་ཉིན1འགོར་གྱི་ཡོད་ལ། ཞང་དུ་སློབ་མ་ཉུང་བས་དེ་གར་སློབ་ཆུང་ལོ་རིམ་གཉིས་པ་འགྲིམ་རྗེས་ཡང་རྫོང་དུ་མུ་མཐུད་སློབ་གཉེར་བྱེད་པར་བསྐྱོད་དགོས། རྗེས་སུ་ཁོང་ཉི་མ་རྫོང་གི་དམའ་རིམ་སློབ་འབྲིང་ནས་ལྷ་སར་བཙུགས་པའི་ནག་ཆུ་མཐོ་རིམ་སློབ་འབྲིང་དུ་རྒྱུགས་འཕྲོད་ཅིང་། འབྲོག་པའི་ཕྲུ་གུ་དེས་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སྟབས་བདེ་སྤྱད་དེ་ལོ་དགུའི་འོས་འགན་ལམ་ལུགས་ཀྱི་སློབ་གསོ་དང་མཐོ་རིམ་སློབ་འབྲིང་གི་སློབ་གསོ་ལེགས་གྲུབ་བྱས་ཡོད་ཅེས་ཀྱང་བརྗོད་ཆོག དེ་རྗེས་ཁོང་ལྷོ་ནུབ་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་ནས། རབ་འབྱམས་པའི་སློབ་གནས་སློབ་མཐར་ཕྱིན་རྗེས་སླར་ཡང་སློབ་གྲྭ་དེའི་དགེ་རྒན་ཞིག་བྱས། མཐོ་སློབ་ཀྱི་དགེ་རྒན་ཁོང་གི་ངོས་ནས་བརྗོད་ན་ཞག་སྡོད་ལམ་ལུགས་ཀྱི་སློབ་གསོས་ཐག་རིང་ལུང་ཁུག་ཏུ་གནས་པའི་ཞིང་འབྲོག་ཁུལ་གྱི་ཕྲུ་གུ་ཚོར་སློབ་གྲྭར་སྐྱོད་པའི་གོ་སྐབས་བྱུང་ཡོད།
པད་མ་མཚོ་ཡང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭར་སློབ་གཉེར་བྱེད་མྱོང་ལ། རྗེས་སུ་ནོར་ཝེ་དང་ཨོ་སི་ཁྲུ་ལི་ཡར་སློབ་གཉེར་བྱེད་པར་བསྐྱོད་མྱོང་ཡོད། ཁོང་གིས། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭས་སློབ་མ་ཚང་མར་ངེས་པར་དུ་ཞག་སྡོད་བྱེད་དགོས་པའི་རེ་བ་བཏོན་གྱི་མེད། རྩྭ་ཐང་གི་དབུས་ཁུལ་དུ་འཚོ་སྡོད་བྱེད་མཁན་འབྲོག་པ་ཁག་གཅིག་ལ་མཚོན་ན། ཁོང་ཚོས་ཕྲུ་གུ་ཚོར་ལྟ་རྟོག་དེ་བས་ཡག་པ་བྱ་ཆེད། གྲོང་ཚོ་ནས་ཞང་དུ་སྤོས་ཀྱི་ཡོད་པས་ཕྲུ་གུ་ཚོ་སློབ་གྲྭ་གྲོལ་རྗེས་ཉིན་ལྟར་ཁྱིམ་ལ་ལོག་ཆོག་གི་ཡོད། འགྲོ་སྦྱོང་སློབ་མའི་སློབ་གཉེར་བྱེད་སྟངས་འདི་རིགས་དབྱིན་ཇིའི་ཞག་སྡོད་སློབ་འབྲིང་ཁྲོད་ཧ་ཅང་མང་པོ་མཐོང་རྒྱུ་ཡོད་ཅེས་བཤད།
པད་མ་མཚོས། ཞག་སྡོད་ལམ་ལུགས་ཀྱི་སློབ་གསོ་བརྒྱུད་མྱོང་མཁན་ལ་རྒྱུས་ལོན་བྱས་པ་བརྒྱུད། རྩྭ་ཐང་གི་དབུས་ཁུལ་དུ་འཚོ་སྡོད་བྱེད་མཁན་འབྲོག་ཁུལ་གྱི་ཕྲུ་གུ་ཚོར་མཚོན་ན། སློབ་སྦྱོང་གི་བརྒྱུད་རིམ་ནི་ཁོང་ཚོའི་ངེས་ཤེས་ཀྱི་བརྒྱུད་རིམ་གཏོད་པའི་དུས་མཚམས་གལ་ཆེན་ཞིག་ཡིན་པས། ཁོང་ཚོས་ཉམས་མྱོང་ལྟ་ཞིབ་དང་ཚུལ་མཐུན་བསམ་གཞིག་ཁྲོད་ཁོང་ཚོ་གནས་སའི་འཇིག་རྟེན་དང་ཁོང་ཚོའི་ཕ་རབས་ཀྱིས་བཏོད་པའི་ཤེས་བྱའི་མ་ལག་ལ་འགྲེལ་བཤད་དང་ཤེས་རྟོགས་ཐུབ་པ་བྱེད་དགོས་པའི་མྱོང་ཚོར་བྱུང་ཞེས་བཤད།
བོད་ལྗོངས་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གསོར་མཚོན་ན་ས་ཆ་དེ་གའི་མིའི་ལྟ་སྟངས་ལ་དེ་བས་བསྟུན་དགོས་པ་དང་། བོད་ལྗོངས་སློབ་ཆེན་སློབ་གསོ་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཤིང་ཅུན་ལི་དང་པད་མ་མཚོར་ཡང་ཐུན་མོང་གི་ངོས་འཛིན་ཡོད་ཅིང་། ཁོང་གིས1985ལོ་ནས་བཟུང་། ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་དུ་ཞག་སྡོད་ལམ་ལུགས་གཙོ་བོར་བྱེད་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་གཉེར་བྱེད་སྟངས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་འབྲེལ། འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ལ“བཟའ་སྡོད་དང་སློབ་ཡོན་འགན་ལེན”གྱི་འགན་ལེན་གསུམ་གྱི་སྲིད་ཇུས་ལག་ལེན་བསྟར་ཡོད། 2012ལོ་ནས་བཟུང་། བོད་ལྗོངས་ཀྱིས་སླར་ཡང་ཞིང་འབྲོག་པའི་བུ་ཕྲུག་ཚོ་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་སློབ་གསོ“འགན་ལེན་གསུམ”གྱི་སློབ་ཡོན་མི་དགོས་པའི་སློབ་གསོའི་ཁྱབ་ཁོངས་ནང་བཅུག་ཡོད་ལ། དུས་དེ་ནས་བཟུང་ལོ15ཡི་གཞུང་གྲོན་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། ཉེ་བའི་ལོ་ཤས་རིང“འགན་ལེན་གསུམ”གྱི་ཁ་གསབ་ཚད་གཞི་ཡང་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་ཅེས་བཤད།
ཁོང་གིས“འགན་ལེན་གསུམ”གྱི་སྲིད་ཇུས་འོག་ཞིང་འབྲོག་པའི་ཁྱིམ་ཚང་ཁག་གཅིག་གི་སྲོལ་རྒྱུན་བཟའ་བཏུང་གོམས་གཤིས་དང་བསྡུར་ན་སློབ་གྲྭའི་བཟའ་བཏུང་དེ་བས་ཕུན་སུམ་ཚོགས་པ་སྟེ། རྒྱུན་གཏན་ཤ་དང་། སྒོ་ང་། འོ་མ། སྔོ་ཚལ། ཤིང་འབྲས་བཅས་མཁོ་སྤྲོད་བྱེད་བཞིན་ཡོད།
“ལོ་ལྔ་ཚན་བཅུ་གཅིག་པའི”རིང་། བོད་ལྗོངས་ཀྱིས་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་བསྐྲུན་རྒྱུ་དེ་བོད་ལྗོངས་ཀྱི་སློབ་གསོ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་གཙོ་གནད་ལ་བརྩིས་པས། འོས་འགན་སློབ་གསོའི་སློབ་གཉེར་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། ཤིང་ཅུན་ལི་ཡིས“ལྷག་པར་དུ་འདས་ཟིན་པའི་ལོ10ཡི་ནང་། སློབ་གྲྭའི་ཉལ་ཁང་གི་ཆ་རྐྱེན་ནས་སློབ་ཁྲིད་སྤུས་ཚད་བར་བོད་ལྗོངས་ཀྱི་སློབ་གསོ་འཕེལ་རྒྱས་འགྲོ་མགྱོགས་ཤོས་ཀྱི་དུས་མཚམས་ཤིག་ཡིན་ལ། བོད་ལྗོངས་ཡོངས་ཀྱི་སློབ་གྲྭ་ཚང་མར་དྲོད་རླངས་མཁོ་འདོན་ཐུབ་ཡོད”ཅེས་བཤད།
སྔོན་ཆད་ཀྱི་བོད་ལྗོངས་སློབ་གསོའི་འབྲེལ་ཡོད་བརྟག་ཞིབ་ཁྲོད་ནས་ཁོང་ལ་ཤེས་རྟོགས་བྱུང་བར། ཞིང་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་སློབ་གྲྭའི་དགེ་རྒན90%ཙམ་བོད་རིགས་ཡིན་ཞིང་། ཁོང་ཚོས་བོད་སྐད་དང་རྒྱ་སྐད་བྱང་ཆུབ་པ་ཤེས་པས་སློབ་མ་ཚོར་སྐད་བརྡའི་ཁོར་ཡུག་ཧ་ཅང་བཟང་པོ་ལྡན་ཡོད། བོད་ལྗོངས་ཀྱིས་ཀྲུང་གོ་སློབ་གསོ་པུས་ཁྱབ་བསྒྲགས་བྱས་པའི《རྨང་གཞིའི་སློབ་གསོའི་སློབ་ཚན་སྒྱུར་བཅོས་རྩ་གནད(ཚོད་ལྟའི་ལག་བསྟར)》གཞིར་བཟུང་། རྒྱལ་ཁབ་དང་། ས་གནས། སློབ་གྲྭ་བཅས་རིམ་པ་གསུམ་གྱིས་སློབ་ཚན་ལ་དོ་དམ་བྱེད་ཀྱི་ཡོད། དེར་བརྟེན་བོད་ཡིག་དེ་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ནང་བཅུག་པ་མ་ཟད། བོད་ལྗོངས་ཀྱིས་གསར་སྤེལ་བྱས་པའི་བུ་བཅོལ་ཁང་གི་སློབ་ཚན་མང་པོ་ཞིག་བོད་ལྗོངས་ཀྱི་དམངས་སྲོལ་དང་བཟའ་བཏུང་སོགས་རིག་གནས་ཀྱི་ནང་དོན་དང་འབྲེལ་བ་ཡོད་པ་རེད།
ཤིང་ཅུན་ལིས། བོད་ལྗོངས་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གསོས་བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བ་ནི་སྨོས་མི་དགོས་པ་ཞིག་རེད། ཞག་སྡོད་ལག་ལུགས་བརྒྱུད་མྱོང་མཁན་དང་ཕན་པ་ཐོབ་མཁན་ཚང་མས་མིག་མཐོང་ལག་ཟིན་བྱུང་བ་ཞིག་ནི། དེ་ལས་བོད་ལྗོངས་ཀྱི་སློབ་མ་ཚོས་སློབ་གསོ་འདྲ་མཉམ་ངང་དང་ལེན་ཐུབ་ཡོད་ལ། དོ་སྙོམས་སློབ་གསོའི་ཁྲོད་ནུས་པ་གལ་ཆེན་ཐོན་པ་དང་ཆབས་ཅིག སློབ་གྲྭར་འགྲོ་མཚམས་འཇོག་ཚད་ཀྱང་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཉུང་དུ་ཕྱིན་ཡོད་ཅེས་བཤད།
རྩོམ་སྒྲིག་པ། སྣང་རྡོར།