ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

བོད་ཀྱི་གཅེས་ཕྲུག་འདི་གཉིས་ལ་རྒྱལ་ཡོངས་ཀྱི་བྱ་དགའ་ཐོབ་འདུག

སྤེལ་དུས 2024-01-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     ཟླ་1ཚེས་10ཉིན། བོད་ལྗོངས་ཟློས་གར་མཐུན་ཚོགས་ཀྱིས་སྐབས་27པའི་ཀྲུང་གོའི་ལོ་ཆུང་བྱིས་པའི་དཔྱིད་འགོའི་མེ་ཏོག་ཆུང་ངུའི་བརྩམས་ཆོས་ལ་བྱ་དགའ་སྤྲོད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་(བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གི་སློབ་མ་སྟེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པའི་སློབ་མ་བསྟན་འཛིན་དོན་ལྡན་དང་འཆི་མེད་སྒྲོལ་དཀར་གཉིས་ལ་ཀྲུང་གོ་ཟློས་གར་མཐུན་ཚོགས་ཀྱིས་གནང་བའི་དཔྱིད་འགོའི་མེ་ཏོག་ཆུང་ངུའི་གཟི་བརྗིད་ལག་ཁྱེར་བརྒྱུད་སྤྲོད་གནང་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་27པའི་ཀྲུང་གོའི་བྱིས་པའི་ཟློས་གར་གྱི་དཔྱིད་འགོའི་མེ་ཏོག་ཆུང་ངུའི་ཕུལ་བྱུང་བརྩམས་ཆོས་ཁྲོད་བསྟན་འཛིན་དོན་ལྡན་དང་འཆི་མེད་སྒྲོལ་དཀར་གྱིས་གཙོ་འཁྲབ་བྱས་པའི་ལྷ་མོའི་ཟློས་གར་གཟུགས་ཀྱི་ཉི་མ་ཁྲོད་ཀྱི་ཆུ་ལེན་ཞེས་པ་དེ་ལེ་ཚན་115ཁྲོད་འབུར་དུ་ཐོན་ནས་མི་སྒེར་གྱི་ཆེད་ལས་མིན་པའི་རྣམ་གྲངས་ཀྱི་དཔྱིད་འགོའི་མེ་ཏོག་ཆུང་ངུའི་གཟི་བརྗིད་མཚན་སྙན་ཐོབ་པས། བོད་ཀྱི་ཟློས་གར་བྱ་གཞག་ལ་སླར་ཡང་གཟི་བརྗིད་མཚན་སྙན་ཞིག་གསར་དུ་བསྣན་ཡོད་པ་རེད།

     དཔྱིད་འགོའི་མེ་ཏོག་ཆུང་ངུའི་མཚན་སྙན་ཐོབ་མཁན་འཆི་མེད་སྒྲོལ་དཀར་གྱིས་ང་རང་ལོ་4ཡིན་དུས་ནས་ལྷ་མོའི་ཟློས་གར་སློབ་སྦྱོང་བྱས་པ་དང་། སླད་ཕྱིན་མུ་མཐུད་འབད་བརྩོན་ཆེན་པོ་བྱས་ནས་ཟློས་གར་འཁྲབ་སྟོན་ཡག་པོ་བྱ་རྒྱུ་ཡིན། མ་འོངས་པར་ང་རང་ཡང་ལྷ་མོའི་ཟློས་གར་གྱི་ཆེད་ལས་སྒྱུ་རྩལ་པ་ཞིག་ཏུ་འགྱུར་རྒྱུའི་རེ་བ་འཆང་བཞིན་ཡོད་ཅེས་བཤད་ཡོད།
རྩོམ་སྒྲིག་པ། སྣང་རྡོར།