ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཆོ་ག

བོད་མིའི་འདས་མཆོད་བྱེད་སྲོལ་ངོ་སྤྲོད།

སྤེལ་དུས 2017-12-29 ཡོང་ཁུངས། དུས་དེབ། རྩོམ་པ་པོ། སྨོན་ཚེ་མགོན།
          དེ་ཡང་བོད་མི་རིགས་ལ་གནའ་སྔ་མོ་ནས་རང་ཁྱིམ་དུ་མི་ཤི་རྐྱེན་ངན་བྱུང་ཚེ་གཤིན་པོའི་དོན་དུ་ཕ་མ་དང་བུ་ཚ། ཉེ་འབྲེལ་གྲོགས་པོ་སོགས་ཀྱིས་དགེ་སྒྲུབ་ཀྱིས་དྲིན་དང་ཕྱག་རྗེས་དྲན་པར་བྱ་སྲོལ་ཡོད་པ་དེ་ནི་ཐོག་མར་རྒྱ་རྗེ་ཐང་ཀྲུང་ཙུང་གི་ནུ་བོ་ཡང་དབང་གི་བུ་མོ་བོད་རྒྱ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་བཙུན་མོ་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་འདི་བོད་ལྕགས་ཁྱི(༧༡༠)ལོར་བོད་དུ་ཕེབས། བོད་ཀྱི་ཆོས་འབྱུང་དང་དམངས་ཁྲོད་ཀྱི་གཏམ་རྒྱུད་ནང་ཁྲི་སྲོང་ལྡེ་བཙན་བཙུན་མོ་འདིར་བལྟམས་རུང་བཙུན་མོ་སྣ་ནམ་བཟས་འཕྲོག་པའི་གཏམ་རྒྱུད་ཡོད། གྱིམ་ཤིང་བོད་དུ་ཕེབས་རྗེས་རྒྱ་བཟའ་འུན་ཤིང་ཀོང་ཇོའི་རྟེན་སྐལ་ཇོ་བོ་ཤཱཀྱ་མུ་ནེ་མང་སྲོང་མང་བཙན་སྐབས་དུས་ཟིང་དབང་གིས་ར་ས་འཕྲུལ་སྣང་གི་དཀྱིལ་འཁོར་མཐིལ་ལྷོ་ངོས་ཀྱི་ལྷ་ཁང་ལྷོ་སྒོ་མོ་མེ་ལོང་ཅན་ནང་བཞུགས་སུ་གསོལ་ནས་སྒོ་བརྩིགས། ཕྱིས་སུ་སྒོ་དེ་ཕྱེ་ནས་མཆོད་པའི་རྒྱུན་བཙུགས་པ་དང་། བློན་པོ་ཤི་ཚད་ལ་ཟན་སྐལ་མེད་པས།  ངེད་རྒྱ་ནག་ལ་ཆོས་དར་བས་མི་ཤི་མ་ཐག་ཏུ་ལྷ་མི་སྟོང་ལ་ཟས་ཐུན་གཅིག་རེ་གནང་བས། དེ་ལ་བོད་ཀྱི་ཚེ་ཞེས་གཤིན་པོར་འདས་མཆོད་དགེ་སྒྲུབ་ཀྱི་སྲོལ་བཙུགས་ཞེས་གྲགས། 
          མི་རིགས་མི་འདྲ་བ་ནས་འདས་མཆོད་མི་འདྲ་བ་གཏོད་སྲོལ་ཡོད་རུང་གང་ལྟར་ད་ཕན་ལོ་སྟོང་ཕྲག་གི་ལོ་རྒྱུས་ཐོག་འདས་མཆོད་གཏོད་སྲོལ་དེ་རྒྱུན་འཛིན་བྱེད་བཞིན་ཡོད་ལ་ཕྱིས་འབྱུང་དུས་རབས་རྫོགས་མཐའ་མེད་པའི་ནང་དུའང་འདས་མཆོད་གཏོང་སྲོལ་གནས་ངེས་ཡིན་པར་ཐེ་ཚོམ་མི་དགོས་པ་ཞིག་རེད་སྙམ། འདས་མཆོད་ནི་འདས་པོ་ཆེ་གེ་མོའི་དྲིན་དང་ཕྱག་རྗེས་དྲན་ཕྱིར་འདས་མཆོད་ཞུ་སྒོའི་ཐོག་ནས་མྱ་ངན་གྱི་རྣམ་པ་མཚོན་པ་བྱེད་རྒྱུ་དེ་ནི་ཤུལ་མིས་སྒྲུབ་འོས་ཀྱི་བྱ་བ་ལེགས་པོ་ཞིག་ཡིན། འོན་ཀྱང་མིག་སྔར་སྤྱི་ཚོགས་ཐོག་ཁྱིམ་ཚང་འགའ་ཤས་ཀྱིས་བདུན་ཚིགས་བཞི་པ་དང་བདུན་པའི་སྐབས་སུ་འདས་མཆོད་ཀྱི་མིང་བེད་སྤྱོད་པ་ལས་དོན་དུ་འདས་མཆོད་ཀྱི་ངོ་བོ་རྦད་དེ་གྱུར་ནས་ཁང་གསོལ་དང་གཉེན་སྟོན་གྱི་རྣམ་པ་དང་འདྲ་བའི་གཞས་དང། ཞབས་བྲོ། བག་མེད་རྩེད་འཇོའི་བྱེད་སྟངས་ལ་རོལ་བ་དེ་ནི་བོད་མི་རིགས་ཀྱི་འདས་མཆོད་ཀྱི་མཚན་ཤས་སུ་འགྲོ་གི་འདུག་ན་ང་ཚོ་ཚང་མས་མི་རབས་རྗེས་མར་འགན་འཁྱེར་ནས་ངོ་བོ་འགྱུར་བའི་འདས་མཆོད་ཡོ་བསྲང་ཡོང་ཆེད་གཤམ་དུ་འདས་མཆོད་བྱེད་སྟངས་ཀྱི་དཔྱད་གཞི་ཁག་ཅིག་བསྡུ་སྒྲིག་ཞུས་ཡོད་པས་འགྲིག་མིན་དཔྱད་དཔྱོད་ཡོད་པ་ཞུ།དེས་ན་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་འདས་མཆོད་བྱེད་སྟངས་ཐད་ཀྱི་ཞིབ་ཕྲའི་གོ་རིམ་ཁ་གསལ་ཞིག་འགོད་རྒྱུར།
          འཇིག་རྟེན་འདི་ན་བཙས་པའི་གང་ཟག་ཀུན།
          ཉིན་བྱེད་ཆུ་ལྷའི་ཕྱོགས་ལ་གཞོམ་པ་བཞིན།
          ཐ་མ་གསུམ་གྱི་གནས་ལ་སླེབས་པའི་དུས།
          གྱེས་པའི་སྡུག་བསྔལ་མཐའ་ཀླས་སེམས་སུ་འཚེ།
          ཅོལ་པོའི་གཏམ་དེ་མཁས་པའི་རྣ་ལ་གཟོན།
          ར་གན་གསེར་ལ་བསྒྲུན་པར་མི་ནུས་མོད།
          འོན་ཀྱང་མཐའ་མ་འཆི་བར་ངེས་གྱུར་བའི།
          ན་འཆི་ལན་གཅིག་དྲན་པའི་གདུང་དབྱངས་སྦྱིན།
          ཞེས་སྔོན་དུ་བརྗོད་ནས་ཇི་སྐད་དོ།
དང་པོ། ནད་པ་འཆི་ཁར་བྱེད་དགོས་ངེས་སྐོར།
          གཏམ་གྱི་མཐའ་མ་ཁ་ཆེམས་དང་། ཟས་ཀྱི་མཐའ་མ་འཕེལ་གདུང་། བཏུང་བའི་མཐའ་མ་བྱིན་རྟེནརེད་ཅེས་ཟེར་སྲོལ་ཡོད་པ་དེ་ཀློག་པ་པོ་ཕལ་ཆེ་བའི་ཐུགས་ལ་ལྷང་ལྷང་འཆར་ངེས་རེད། བོད་མི་རིགས་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དམ་ཆོས་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་ཀྱང་དེ་ལྟར་འཕེལ་རྒྱས་བྱུང་ནས་ཆོས་དད་བྱེད་མཁན་ཞིག་ལ་ཆ་མཚོན་ན་ཚེ་འདི་ལས་ཚེ་ཕྱི་མ་ལམ་ཐག་དེ་བས་རིང་བར་བརྩིས་ཤིང་། དཔལ་འབྱོར་ཚང་བའི་མི་ལུས་རིན་ཆེན་འདི་ཐོབ་རྗེས་མཐའ་མ་རང་གི་ཚེ་སྲོག་འདི་རླུང་ཁའི་མར་མེ་ལྟར་འབྱུང་རྐྱེན་ག་གེ་མོ་ཞིག་གིས་ཚེ་ཡི་འཕེན་པ་རྫོགས་ཏེ་འཆི་བ་ལས་འོས་མེད་པའི་གནས་སུ་གྱར་སྟབས་དང་ཡང་ན་འཆི་རྗེས་ཇི་ལྟར་བྱའམ་ཞེ་ན། སྔོན་ཙམ་ནས་ནད་པས་གཏམ་སྨྲ་ཐུབ་པའི་དུས་ལ་ནད་གཡོག་གི་ནད་པའི་བློ་དཀར་མི་ཞིག་འབོད་དེ་ཁ་ཆེམས་འཇོག་རྒྱུ་ཡོད་མེད་སྐད་ཆ་འདྲི་དགོས། དེ་ནས་ནད་པའི་ཉལ་གདན་ལ་གཅན་གཟན་དང་། དུད་འགྲོའི་པགས་རིགས་ཡོད་མེད་བལྟས་ནས་ཡོད་ན་དེ་ཚོ་དང་ལུས་གྱོན་པགས་རིགས་མེད་པ་བཟོ་དགོས། གང་ལགས་ཤེ་ན། འཆི་དུས་ལུས་འབྱར་པགས་རིགས་ཡོད་ན་འཕོ་བ་ཐེབས་དཀའ་བའི་སྐྱོན་ཡོད་པར་བཤད། དེ་བཞིན་སྔོན་ཙམ་ནས་རང་ངམ་ནད་གཡོག་གི་གྲ་སྒྲིག་བྱས་ཏེ་བྱིན་རླབས་རྩ་ཆེན་རྣམས་ཤེལ་དམ་མམ་དཀར་ཡོལ་གང་རུང་གི་ཆུར་སྦྱར་ཏེ་བཞག ནད་པ་དེ་ཕྱི་དབུགས་མ་ཆད་ཙམ་ནས་ཁ་ནང་བླུགས་ཏེ་འཐུང་དུ་འཇུག་པ་དང་། དེ་དང་ཆབས་ཅིག་བདེ་བར་གཤེགས་པའི་རིང་སྲེལ་རྡོག་རེ་གཉིས་ཤིག་ཀྱང་འབྲི་མར་རམ་བ་མར་དང་སྦྱར་ཏེ་ཁ་ནང་མིད་དུ་འཇུག་དགོས། དེ་དག་ནི་མཐའ་མ་གསུམ་གྱི་གནས་སུ་བབ་པས་ཡིད་གདུང་བས་མནར་བཞིན་པར་ཚེ་འཕོས་རྒྱུར་ངེས། དེའི་ཚེ་ནད་པ་དེ་གཏམ་སྨྲ་མིི་ཐུབ་ཅིང་ཕྱི་དབུགས་ཆད་ལ་ཁད་པའི་དུས་ནད་རོགས་ཀྱི་ནད་པ་དེའི་སྔར་གྱི་བློ་མཐུན་པ་ཞིག་འབོད་ནས་ནད་པའི་རྣ་ཅོག་འཁྲིས་སུ་སྐད་ཤུགས་ཆེན་པོས་ནད་པར་ཁོ་རང་གི་རྒྱུན་དུ་དད་པ་བྱེད་པའི་བླ་མ་སུ་ཡིན་པ་དེའི་མཚན་དང་ནད་པ་དེའི་རྒྱུན་གཏན་གྱི་ཡི་དམ་གང་ཡིན་པ་དེའི་མཚན་ནས་སྨོས་ཏེ་དེ་དག་སྒོམ་ཅིག་ཅེས་ནད་པའི་དབང་ཤེས་ཕྲ་མོས་ལེགས་པར་གོ་བ་ཞིག་ལབ་དགོས།  དཔེར་ན། འཕགས་པ་སྤྱན་རས་གཟིགས་སྒོམས་ཤིག་ཅེས་ལྟ་བུ་ཡིན། ནད་པ་མི་སྐྱ་བཟའ་ཚང་ཡོད་པ་ལྟ་བུ་ཡིན་ན་ནད་པའི་འགྲམ་དུ་བཟའ་ཟླ་དང་ཕྲུ་གུ་འགྲོ་རུ་མ་བཅུག་པར་དགེ་སེམས་ཁྱད་པར་ཅན་གྱི་ངང་དུ་འཆི་ན་སྐྱེ་བ་བཟང་པོ་ལེན་པར་ཁྱད་པར་ཆེན་པོ་ཡོད་འདུག  དེ་ནས་ནང་དབུགས་ཀྱང་ཆད་དེ་འཆི་ཟིན་པ་ན་ཕུང་པོ་འཕྲལ་སེལ་རང་བབས་སུ་འཇོག་པ་ལས་ལམ་སེང་གང་བྱུང་གིས་ལག་པ་འཆང་ན་མི་རུང་བ་རེད།།    
གཉིས་པ། ནད་པ་འཆི་ཟིན་འཕྲལ་བྱེད་སྒོའི་སྐོར།
          འཕོ་བ་ཞུ་རྒྱུའི་བྱེད་སྒོ་ལེགས་པར་མ་ཟིན་པར་ཕུང་པོར་སུས་ཀྱང་ལག་པ་འཆང་རྒྱུ་མེད། དེ་འཕྲལ་དགའ་ཉེ་ནང་མི་རྣམས་ལ་བརྡ་བཏང་སྟེ་འབོད་ནས་མཉམ་རོགས་ཀྱིས་འཕོ་བ་གནང་མཁན་བླ་མ་དང་རྒྱུན་པ་དགེ་འདུན་གདན་ཞུ་བྱ་རྒྱུ། མགྱོགས་བསྔོ་འབུལ་རྒྱུ། རྩིས་བཤར་རྒྱུ་སོགས་སྐབས་འཕྲལ་བྱ་དགོས་པས་ཞིབ་ཆ་གཤམ་དུ་རིམ་བཀོད་ཡོད་པ་ལྟར་དང་ཕུང་པོའི་ཉེ་འཁྲིས་སུ་མར་མེ་མང་པོ་རྒྱུན་མི་ཆད་པ་འབུལ་དགོས་ཀྱི་རེད། དེ་ནི་གཅིག་ཏུ་མཆོད་འབུལ་དང་ཡང་སྒོས་བདུད་གདོན་མ་ཞུགས་པའི་ཁྱད་པར་ཡོད་ཚོད། བོད་དུ་མར་མེ་དེ་དག་སྣུམ་གྱིས་ཕུལ་ཡོང། དེའི་རྒྱུ་མཚན་ནི་གཅིག་ཏུ་མྱ་ངན་གྱི་མར་མེ་ཡིན་པ་དང་གཉིས་སུ་མར་ཁུ་བཙག་བཅོས་ལོང་མེད་པས་བྲེལ་ཆེ་བའི་སྟབས་ཀྱིས་ཡིན་འདུག ནང་མི་རྣམས་ནས་མྱ་ངན་མཚོན་བྱེད་དུ་མགོ་བོའི་སྐྲ་ལྷས་བཤིག  སྐྲ་གཞུག་བཀྲོལ། གདོང་པ་མི་འཁྲུ།  རྣ་རྒྱན་གྱི་མཚོན་རྒྱན་ཆ་མི་འདོགས། གྱོན་པ་རྙིང་སོང་ནག་པོའི་མདོག་ཅན་གྱོན།འགའ་ཞིག་ནས་ཐོག་སྟེང་གི་དར་ལྕོག་ཀྱང་འབེབས་པར་བྱེད་འདུག། འདས་ཞག་ཞེ་དགུ་མ་རྫོགས་བར་རྐང་བྲོ་གླུ་གཞས་མི་བྱེད། འདས་པོའི་ལྟོ་ཕོར་ནང་ཇ་སྤགས་འབྲས་གསུམ་གྱི་ལྟོ་སྐལ་བླུགས་ཏེ་འཇོག་པ་དང་། ལྷག་པར་རྫ་ཁོག་དམར་པོ་བེད་སྤྱོད་མ་བྱས་པ་ཞིག་གི་ནང་ཉིན་ལྟར་སྔ་དགོས་སོ་སོར་ཏིང་ཤག་གི་སྒྲ་དང་བཅས་ཏེ་བུ་སུར་ཐེངས་རེ་གཏོང་བར་བྱེད།
གསུམ་པ། འཕོ་བ་ཞུ་སྟངས་སྐོར།
          གཤིན་པོའི་ཕུང་པོར་བླ་མས་འཕོ་བ་མ་གྲུབ་བར་སུས་ཀྱང་ལག་པ་སོགས་ཀྱིས་རེག་མི་རུང་ཤིང།  མ་སྒུལ་བར་རང་བབས་འཇོག་དགོས། དེ་མ་བཞག་ན་ཐོག་མར་སུས་ལག་པ་འཆང་ས་ནས་འདས་པོའི་རྣམ་ཤེས་ཕྲ་མོ་ཕྱིར་ཐོན་གྱི་ཡོད་པ་རེད། དེ་ཡང་སྐེད་པ་ནས་ཐོན་ན་ངན་སོང་དང་སྐེད་པ་ཡན་ནས་ཐོན་ན་བདེ་འགྲོར་སྐྱེ་བ་རེད་ཟེར་སྲོལ་ཡོད་ཀྱང༼གཞུང་ལས་༽ཁ་ནས་འཕོས་ན་ཡི་དྭགས་དང་། ལྟེ་བ་ནས་འཕོས་ན་འདོད་ཁམས་ཀྱི་སྐྱེ་བ་སོགས་རྣམ་ཤེས་འཕོ་བའི་སྐྱེ་དགུ་སོ་སོ་ནས་འཕོས་པས་ངན་འགྲོ་དང་མཐོ་རིས་ཀྱི་འགྲོ་བ་སོ་སོར་གསུངས་ཤིང།  དེས་ན་འཕོ་བའི་གདམས་པར་བྱང་ཆུབ་པའི་བླ་མ་ཞིག་གདན་དྲངས་རེ་འཕོ་བ་ཞུ་དགོས། 
          ཁྱད་པར་ངན་སོང་གསུམ་ལས་སྐྱོབ་ཆེད་རྣམ་ཤེས་བཙན་ཐབས་ཀྱིས་དག་ཞིང་དུ་སྐྱེལ་བའི་གསང་སྔགས་ཀྱི་ཐབས་ལམ་ཁྱད་དུ་འཕགས་པ་ཞིག་རེད།  བླ་མ་རྩ་ཆེན་འགའ་ཞིག་ངོ་ཕེབས་མ་ཐུབ་པའི་སྐབས་སུ་རྒྱང་འཕོ་གནང་སྐྱོང་ཞུ་དགོས།  དེ་རིགས་ལ་ཕུང་པོའི་མགོ་བལྟ་ཤུལ་ཕྱོགས་གཙང་ཇི་འཁེལ་གསལ་པོ་ཞུ་ཐུབ་པ་དགོས།  ཡང་བླ་མ་འགའ་ཞིག་ནས་འཕོ་རྫས་རིལ་བུ་གནང་སྲོལ་ཡོང།  རིལ་བུ་དེ་གནང་ན་འདས་པོའི་ཕུང་པོར་གཞན་གྱི་ལག་པ་མ་རེག་གོང་ཁྱོ་ག་གཙང་བ་ཞིག་གི་ལག་པ་བཀྲུས་ཏེ་འབྲི་མར་རམ། བ་མར་གང་རུང་ཞིག་འདས་པོའི་སྤྱི་གཙུག་ལ་སྦྱར་རེ་མནན་ནས་འཇོག་དགོས། རིལ་བུ་སྦྱར་སའི་མར་དེ་མཛོ་མོའི་མར་གྱིས་མི་རུང་ཞིང། དེ་ནི་མཛོ་མོ་རིགས་བཙོག་པརརྩིས་སྲོལ་འདུག་པས་རེད། གལ་རེ་འཕོ་རྫས་རིལ་བུ་གནང་རིགས་མེད་པ་ཡིན་ན་བླ་མས་འཕོ་བ་གྲུབ་ནས་ཆུ་ཚོད་འགའ་ཤས་ཙམ་སོང་རྗེས་ཕུང་པོར་ལག་པ་ཐོག་མར་འཆང་བ་པོས་དང་པོར་ཕུང་པོའི་སྤྱི་གཙུག་གི་སྐྲ་ནས་འཐེན་ཙམ་བྱས་ཏེ་དེ་ནས་ལག་པ་འཆང་ན་འགྲིག །དེ་ནི་འདས་པོའི་རྣམ་ཤེས་སྤྱི་གཙུག་ནས་ཐོན་པའི་ཆེད་དུ་རེད། འདས་པོའི་རྣམ་ཤེས་སྤྱིར་བཏང་ལུས་སྒོ་གང་རུང་ནས་ཐོན་ཀྱང། སྤྱི་གཙུག་གསེར་གྱི་སྒོ་ནས་ཐོན་དཀའ་ཞིང། གལ་ཏེ་སྤྱི་གཙུག་ནས་ཐོན་ན་བདེ་འགྲོ་ལྷ་མིའི་རྟེན་བཟང་འཐོབ་པ་སོགས་ཕན་ཡོན་བརྒྱད་གསུངས་ཡོད་ཅིང། དེར་བརྟེན་ས་སྐྱ་དང་། དགེ་ལུགས། བཀའ་བརྒྱུད། རྙིང་མ་བཅས་ཚང་མའི་སྔགས་ཀྱི་མན་ངག་ལས་ཆ་མཐུན་གསུངས་པ་རྣམ་ཤེས་སྤྱི་བོ་ནས་འདྲེན་པའི་ཐབས་ལམ་ཟབ་མོ་འཕོ་བ་གནང་སྨིན་ཐེབས་པ་བྱ་རྒྱུ་དེ་འདས་པོའི་དགེ་རྩར་གལ་ཆེ་ཤོསཤིག་རེད། གལ་ཏེ་སེང་གེའི་ཉལ་སྟབས་ཀྱིས་འཆི་བ་ཡིན་ན་སྒོ་གཞན་རྣམས་རང་ཤུགས་ཀྱིས་ཁེགས་ཏེ་རྣམ་ཤེས་ཕྲ་མོ་སྤྱི་གཙུག་ནས་ཐོན་འགྲོ་བས་འདི་ལ་སྤྱོད་ལམ་གྱི་འཕོ་བ་ཞེས་གསུངས་ཡོད་པ་མ་ཟད། རང་སྟོབས་སམ། བླ་མའི་མན་ངག་བྱིན་མཐུར་བརྟེན་ནས་དག་ཞིང་དུ་འཕོ་ཐུབ་ཀྱི་ཡོད་པ་རེད། འདི་དག་ནི་གསང་སྔགས་ཀྱི་མྱུར་ཐབས་ཡིན་པས་གང་བྱུང་སྤོར་མི་ནུས་གཤིས། སྐལ་ལྡན་དོན་གཉེར་ཅན་གྱིས་ཞིབ་ཆ་ཤེས་འདོད་ན་བླ་མའི་ཞལ་ལུང་དང་འཕོ་འཁྲིད་ལས་ཤེས་པར་བྱའོ།།
བཞི་པ། མགྱོགས་བསྔོ་འབུལ་སྟངས་སྐོར།
          དེ་ནས་དགའ་ཉེ་འཛོམས་ཏེ་རོགས་བྱས། བླ་མ་རྩ་ཆེན་ཁག་ལ་མགྱོགས་བསྔོ་འབུལ་དགོས། འདི་ལ་སྤྱང་ཞུ་མ་དགོས་ཀྱང་། བསྔོ་ཞུའི་དར་དངུལ་དང་དེ་མཉམ་རབ་ལ་ཐུབ་དབང་གི་སྐུ་གསེར་རམ་ལི་མ། འཇིམ་སྐུ་སོགས་འབུར་སྐུ་ནམ་བཅས་གཅིག་དགོས།
          དེ་མིན་ཞལ་ཐང་ངམ། ཐ་མ་ཙཀ་ལི་སོགས་གང་རུང་ཞིག་ཡོད་པ་ལེགས་མོད། གལ་ཏེ་དེ་ལྟར་མ་བྱུང་ཡང་ཁ་བཏགས་དང་། དངུལ། བསྔོ་ཡིག་བཅས་འབུལ་དགོས་ཤིང་། མགྱོགས་བསྔོ་འབུལ་ཡུལ་རྩ་་ཆེན་ཁག་དང་། སྐུ་རྟེན་བྱིན་ཅན་དག་ལའང་འབུལ་སྲོལ་ཡོད། བསྔོ་ཡིག་འབྲི་སྟངས་འོག་ཏུ་བཀོད་ཡོད།།
ལྔ་པ། རྒྱུན་པའི་སྐོར།
          འདས་པོའི་ཕུང་པོ་ཕྱི་འདོན་མ་བྱས་པར་རྒྱུན་པ་ཞེས་སྨོན་ལམ་གསུངས་མི་དགེ་འདུན་འགའ་ཤས་གདན་དྲངས་པ་རྣམས་ཕུང་པོའི་ཉེ་འཁྲིས་སུ་ཉིན་མཚན་མེད་པར་རྟག་བཞུགས་གནང་སྟེ་སྨོན་ལམ་གྱི་རིམ་པ་གང་རྒྱས་དང་། མི་འཁྲུགས་པ་དང་། ཀུན་རིག་སོགས་ཡིད་དམ་གང་རུང་གི་སྒོ་ནས་བདག་འཇུག་བཞེས་ཏེ་ཉིན་ལྟར་སྦྱང་ཆོག་ཅེས་འདས་པོའི་སྡིག་པ་སྦྱོང་བའི་ཆོ་ག་དང་། སྦྱིན་སྲེག་མཛད་རྒྱུ། ཉིན་རེ་སྦྱང་བ་ཐེངས་རེར་བྱང་རྟེན་ཞེས་དཀྱིལ་འཁོར་གྱི་སྟེགས་བུའི་སྟེང་མིང་བྱང་འོག་འཇོག་བྱེད། འདས་པོའི་གྱོན་སྣེ་རྙིང་ཧྲུལ་མ་ཡིན་པའི་ཁ་ནེམས་རེར་སྣེ་འདོགས་ཁ་བཏགས་རེ་བསྒྲོགས་ཏེ་འབུལ་དགོས་པ་དེ་དག་གི་ཐེབས་ཆི་གཅིག་རེ་བཀོག་སྲོལ་འདུག །
དྲུག་པ། རྩིས་བཤད་རྒྱུའི་སྐོར།
          ཚེ་འདས་དེ་ཉིད་ཀྱི་ཕུང་འདོད་ཚེ་ཆ་ཇི་ལེགས་དང་། སླར་རྗེས་འཇུག་ལ་འཚུབ་ཆའི་སྐ་ཉེས་མི་འབྱུང་བའི་གཏོ་བཅོས་བྱ་འོས་སོགས་ཀྱི་ཆེད་དུ་འདས་དུས་སྔ་ཕྱི་བཅས་ཀྱི་ཤོག་ལྷེ་ཁ་གསལ་ཞིག་དང་། སྐུ་ཡོན་དར་དངུལ་བཅས་རྩིས་པའི་སར་འབུལ་བར་བཏང་སྟེ་རྩིས་བཤར་དགོས། གལ་སྲིད་རྩིས་འབྲས་ཤོག་ལྷེའི་ནང་གཏོ་བཅོས་བྱ་དགོས་རིགས་ཡོད་ཚེ་རྩིས་པ་རང་གདན་དྲངས་ན་ཁོ་རང་གིས་གང་དགོས་གནང་གི་རེད། གལ་ཏེ་འདས་པོའི་རྣམ་ཤེས་ཕྲ་མོ་གཞི་དུས་ཀྱི་འཆི་བ་འོད་གསལ་དུ་མཉམ་གཞག་གི་ཐུགས་དམ་ལ་བཞུགས་ཡོད་ན་གདོང་མདངས་མ་ཡལ་ཞིང་། ཕུང་པོར་དྲི་སུངས་མི་འབྱུང་བས་དེ་རིགས་ལམ་སེང་ཐུགས་དམ་དཀྲོག་ན་སྡིག་ཆེ་བས་མི་རུང་གཤིས། ཐུགས་དམ་མ་གྲོལ་བར་རམ་ཐ་མ་ཉིན་གཉིས་གསུམ་རིང་ཕུང་པོ་མ་སྒུལ་བར་རང་མལ་དུ་འཇོག་དགོས་ཤིང་། ཅི་སྟེ་ཐུགས་དམ་མ་གྲོལ་བར་དུས་ཚོད་སྒུག་ཡུན་མ་འཁྱོལ་ན་ཐུགས་དམ་སད་ཐབས་སྤེན་རྐང་འགའ་ཤས་ལ་མེ་སྤར་བའི་དུད་པ་ཕུང་པོའི་སྣ་ཁུག་གི་འཁྲིས་སུ་བཏང་སྟེ་རོལ་མོ་སིལ་སྙན་དང་། རྒྱ་གླིང་ཊ་དྲིལ་བཅས་དཀྲོལ་ཏེ་བདེ་ལྡན་ནམ། མཁའ་སྤྱོད་ཞིང་ཁམས་སུ་བགྲོད་པའི་སྨོན་ལམ་དབྱངས་དང་བཅས་ཏེ་བཏོན་ན་དེ་འཕྲལ་ཐུགས་དམ་གྲོལ་གྱི་རེད། ཐུགས་དམ་གྲོལ་ན་ཕུང་པོའི་སྐེ་ཡོ་བ་དང་། སྣ་ཁུག་ནས་བྱང་སེམས་དཀར་དམར་འཛགས་པ། ཕུང་པོར་དྲི་སུངས་བཅས་ཡོང་ཞིང་། ཐུགས་དམ་གྲོལ་ནུས་པའི་རྣལ་འབྱོར་པ་དེ་ཐུགས་དམ་གྲོལ་སྐབས་སྣ་ཁུག་གཡོན་ནས་བྱང་སེམས་དཀར་དམར་འདུས་པའི་སྙིང་པོ་གཙོ་བོ་ཞིག་སྙིང་དབུས་སུ་གནས་ཤིང་། དེ་ལས་ཁ་གྱེས་པའི་ཕའི་དཀར་པོའི་ཆ་ཤས་ཤིག་སྤྱི་བོའི་རྩ་འཁོར་གྱི་དབུས་དང་། མའི་བྱང་ཆུབས་དམར་པོའི་ཆ་ཤས་ཤིག་ལྟེ་བའི་རྩ་དབུས་སུ་ཡོད་པ་དེ་གཉིས་སྙིང་གའིསྲོག་འཛིན་རླུང་གི་ཡན་ལག་གྱེན་རྒྱུ་དང་། ཐུར་སེར་རླུང་གིས་ཡས་འདེད་མས་འདེེད་ཀྱི་ཚུལ་དུ་བརྟེན་ནས་ཡོད་པ་འཆི་དུས་རླུང་དེ་གཉིས་ཀྱི་ནུས་ཤུགས་ཉམས་པ་ན་བྱངས་སེམས་དཀར་དམར་དེ་གཉིས་རང་སར་གནས་མ་ཐུབ་གཉིས་ཀ་རིམ་གྱིས་སྙིང་ཁར་འདུས་ཏེ་སྙིང་གའི་སྲོག་འཛིན་གྱིས་རླུང་ཕྲ་མོ་དང་ལྷན་ཅིག་རྣམ་ཤེས་གནས་པའི་ཐིག་ལེའི་སྟེང་འོག་གའུ་ཁ་སྦྱོར་དུ་སྡོད། དེ་དུས་གཞི་དུས་ཀྱི་འོད་གསལ་འཛིན་ནུས་པ་རྣམས་ཐུགས་དམ་ལ་བཞུགས། དེ་ནས་སྲོག་འཛིན་གྱི་རླུང་ཕྲ་མོ་དེའང་གཞིག་སྟེ་ནུས་པ་ཉམས་པ་ན་རྣམ་པར་ཤེས་པ་ཕུང་པོ་སྙིང་པ་དང་བྲལ་ཏེ་བར་སྲིད་ཀྱི་ལུས་ལེན། དེའི་སྐབས་སྔར་གྱི་ཕུང་པོའི་ནང་དུ་ལྷན་སྐྱེས་ཀྱི་རླུང་མེད་སྟབས་ཕྱིའི་འབྱུང་བའི་ཤུགས་ཀྱིས་ནང་གི་བྱངས་སེམས་དཀར་དམར་སྣ་ཁུག་གཡས་གཡོན་དང་། འགའ་ཞིག་ཕོའི་ལིདྒ་དང་། མོའི་ཆུ་སྒོ་ནས་ཀྱང་ཕྱིར་ཐོན་གྱི་ཡོད་འདུག་པས་ཞིབ་ཆ་གསང་སྔགས་ཀྱི་འཁྲིད་ལས་རྒྱས་པར་འབྱུང་བས་དེ་ཤེས་དགོས་ན་སྔོན་ལ་ལམ་ཐུན་མོང་བས་རྒྱུད་སྦྱངས། བར་དུ་ཚད་ལྡན་བླ་མའི་དྲུང་ནས་སྔགས་བླ་མེད་ཀྱི་དབང་ནོད། དེ་ནས་འཁྲིད་ཞུས་ན་ཤེས་པར་འགྱུར་བ་ལས། དེ་འདྲའི་ཐུགས་དམ་བཞུགས་པའི་ཕུང་འདོན་ཚེས་ཆའང་ཐུགས་དམ་གྲོལ་མཚམས་སུ་རྩིས་ཞུས་ཏེ་འདོན་སྟངས་བྱ་དགོས་པ་ལས། ཐུགས་དམ་ལ་མ་བཞུགས་པའི་དབང་དུ་བྱས་པའི་རྩིས་འབྲས་སྔོན་བཏོན་དེས་མི་འགྲིགས་སོ།།
བདུན་པ། ཕུང་པོ་སྒྲིལ་བྱང་སྐོར།
          འདས་པོ་དེ་ཉིད་ཐུགས་དམ་གྲོལ་བའམ། དེ་མིན་འཕོ་ཞུའི་བྱ་བ་ཟིན་རྗེས་རྩིས་གསལ་ཕུང་འདོན་གཟའ་ཚེས་ཉིན་གསུམ་བཞི་རིང་མེད་ན་དེ་བར་ཕུང་པོ་ཁང་ནང་འཇོག་ཉར་དགོས་པས་དྲི་སྲིད་ཆུང་ཁྱད་དང་། དེའང་བོད་དུ་ཡིན་ན་ཕུང་པོ་བྱ་གཏོར་དགོས་སྟབས་གཙང་སྤྲ་དོད་པོ་བྱུང་ན་བྱ་རྒོད་ཀྱིས་མྱུར་བཞེས་ཀྱི་ཁྱད་པར་ཡོད་པར་བརྟེན་ཕུང་པོ་འཁྲུ་དགོས་ཤིང་། དེའི་དབར་རྒྱུན་པའི་དགེ་འདུན་རྣམས་ཐུན་སེང་འཁྲུག་ཙམ་མཛད་པའི་ཤུལ་དུ་ཕུང་པོ་ལྕགས་ཟངས་ཤིང་སོགས་གང་རུང་གི་གཞོང་པའི་ནང་དྲི་བཟང་དང་། གུར་གུམ། ག་བུར་བཅས་ཀྱི་ཕབ་ཡོད་པའི་ཆུ་དྲོད་འཇམ་ཞིག་གིས་ལེགས་པར་བཀྲུས། འཁྲུས་རྫས་ཡི་རྩི་མ་དགོས། དེ་ནས་རས་གཙང་དྲི་མེད་པས་ཕྱིས། ཁ་སྒོ་སོགས་ནས་བརླན་མི་འཛགས་པའིི་ཆེད་དུ་སྐྱེས་པ་ཡིན་ན་ཕོ་རྟགས་ཀྱི་རྩེ་མོ་བལ་ལམ་རས་སྐུད་ཀྱིས་བསྡམས། ཁ་སྣ་དང་འོག་སྒོ་མར་གྱི་བཀག བུད་མེད་ཡིན་ན་ཆུ་སྒོ་མར་གྱི་བཀག་གི་རེད། དེ་ནས་ཕུང་པོ་ཆུ་བཀྲུས་སོགས་ཟིན་རྗེས་སྒྲིལ་བྱང་ཞེས་ཉམས་མྱོང་ཡོད་པའི་མི་ཞིག་དང་རོགས་བྱེད་བཅས་ཀྱིས་ཕུང་པོ་རྩོག་བུ་བཟོས་ནས་རྩྭ་ཐག་གིས་དམ་པོར་བསྡམས་ཏེ་གོས་སམ་མང་ཆེ་བ་མལ་ཆས་ཉལ་གཟན་དཀར་པོ་ཞིག་གིས་བཏུམས་ནས་འཆི་སའི་ཁང་པ་དེའི་ཟུར་ཁུག་ཏུ་ས་ཕག་འགའ་ཤས་བསྒྲིགས་པའི་སྟེང་བཞག་སྟེ་འབྱོར་ལྡན་ནམ། མཐུན་རྐྱེན་འཛོམས་པའི་རིགས་ནས་དབང་རྫས་རིགས་ལྔ་དང་། སྟོད་ལྷེ་ཞིག་སྒྲོན། ཡོལ་བའི་བཅད་ཅིག་བཏང་ནས་འཇོག་པ་རེད། དེ་ལྟར་མ་བྱས་པར་གདན་ཁྲིའམ་ས་གང་རུང་སྟེང་བཞག་ན་དེར་དུར་ཆས་ཆགས་ཏེ་རྗེས་སུ་ཁང་པ་དེ་ནང་མི་བདེ་བ་ཡོང་གི་རེད་ཅེས་ཟེར་སྲོལ་འདུག  རྩྭ་ཐག་གིས་བསྡམས་པའི་རྒྱུ་མཚན་ནི་གཅིག་ཏུ་རོ་ལངས་མི་རྒྱག་པའི་ཆེད་དུ་དང་། སྙོམ་ཆུང་ལྟ་བུའི་རིགས་ཕུང་པོ་དུར་རྐྱེལ་སྐབས་སྟོབས་ལྡན་མི་གཅིག་གིས་རྒྱབ་འཁུར་བདེ་བ། རྩྭ་ཐག་མཁྲེགས་པོ། གཙང་མ་ཡིན་པ་མ་ཟད། དུར་ཁྲོད་དུ་བསང་ཤིང་མཉམ་དུ་ཐག་པ་མེར་བསྲེགས་གཏོང་སྐབས་གཞོབ་འཐུལ་མི་བྱུང་བ་སོགས་ཀྱི་ཆེད་དུ་ཡིན་འདུག མི་རིགས་གཞན་འགས་ཕུང་པོ་སྒྲིལ་བྱང་བོད་ལུགས་དེ་འདྲ་བྱེད་སྲོལ་ཡོད་པ་མ་རེད། ཕུང་པོ་དུར་འདོན་བྱས་མ་ཟིན་པར་ཕུང་པོའི་འཁྲིས་སུ་ཁྱི་དང་ཞུམ་བུ་མ་འགྲོ་བ་དང་། ལྷག་པར་ཞུམ་བུ་མ་ཤོར་བ་གཟབ་ནན་བྱེད་སྲོལ་འདུག  གང་ལགས་ཤེ་ན། སེམས་ཅན་དེ་ཚོའི་སྤུ་ལ་གྲ་ཡོད་པས་ཕུང་སྟེང་བསྡད་ཤོར་བྱས་པ་ལྟ་བུ་བྱུང་སྲིད་ན་གདོན་བཞུགས་ཏེ་རོ་ལངས་ཡོང་གི་རེད་ཟེར་སྲོལ་ཡོད་པ་མ་ཟད། སྔ་མོ་ཕུང་པོ་ཁང་པའི་ནང་ཉིན་མང་པོ་འཇོག་སྲོལ་ལྟར་བཞག་པས་སྐབས་རེ་རོ་ལངས་བྱུང་སྟེ་ཡུལ་གྲོང་སྟོང་པ་རེད་ཅེས་དེང་སྐབས་ཀྱང་བོད་ཀྱི་གྲོང་གསེབ་འགའ་ཞིག་ལ་ཁང་གྲོང་མང་པོ་སྟོང་ཤུལ་ཡོད་པ་དང་། སྔ་མོ་ཁང་པའི་རིགས་སྒོའི་དཔང་ལ་སྤྱི་ཁྲི་གཅིག་དང་ཕྱེད་ཀ་ཙམ་ལས་མེད་པ་དེ་འདྲ་ཡོང་། དེ་ནི་རོ་ལངས་ཀྱི་རིགས་སྒུར་པོར་འགྲོ་མི་ཐུབ་པས་གལ་ཏེ་དེ་འདྲ་བྱུང་ན་སྒོའི་ཡར་ཐེམ་ལ་བརྡབ་སྟེ་འགྱེལ་བའི་ཆེད་དུ་རེད་ཅེས་བརྗོད་རྒྱུན་འདུག
          དེ་ནས་སྤུན་གྲོགས་དགའ་ཉེ་རྣམས་ནས་མཉམ་རུབ་ཀྱིས་བླ་མ་ཁག་ལ་བསྔོ་རྟེན་འབུལ་རྒྱུའི་དངོས་པོ་གྲ་སྒྲིག་དང་། བསྔོ་གཞུང་དང་། བསྔོ་ཡིག་བཟོ་བྲིས་དགོས་པས་བསྔོ་བརྟེན་འབུལ་ཡུལ་གྱི་བླ་མའི་མཚན་གཞུང་ནི་དུས་དེ་དང་ཉེ་བར་སྐུ་གཤེགས་ཟིན་པའི་རྗེས་འཇུག་གི་ཁྱིམ་ཚང་དག་ལས་བསྔོ་གཞུང་རྙིང་པ་གཡར་ཏེ་དེར་དཔེ་བལྟའི་ཐོག་ནས་རྒྱས་བསྡུས་བློས་དཔྱད་ཀྱིས་གསར་དུ་བཟོ་བྲིས་བྱ་དགོས། དེ་བཞིན་བདུན་ཚིག་སོ་སོར་མཆོད་འབུལ་བྱ་རྒྱུའི་མཆོད་གཞུང་བཅས་དཀར་མེ་བསྔོ་ཞུའི་གོང་ལ་ཚང་མ་གྲ་སྒྲིག་བྱས་ཟིན་པ་བྱ་དགོས་གཤིས། དེ་དག་གི་ལས་ཀའི་ཆེད་དུ་དགའ་ཉེ་ནང་མི་རྣམས་ནས་རོགས་རམ་ཉིན་མཚན་ལྟོས་མེད་གནང་ཡོང་།
          བླ་མ་རྩ་ཆེན་ཁག་ལ་སྦྱང་བཞུ་འབུལ་དགོས་ཀྱི་སྦྱང་རྟེན་ལ་འདས་པོའི་གྱོན་གོས་གང་རུང་ཁ་ནེམས་ཞེས་དྲི་ཕོག་པ་ལེགས་པ་རེ་ངེས་པར་འབུལ་དགོས་པའི་གྱོན་པ་དེ་དག་གི་ཐེབས་ཆི་གཅིག་རེ་བཀོག་སྲོལ་དང་། གལ་ཏེ་སྦྱང་ཞུ་མ་གཏོགས་བསྔོ་རྟེན་རྐྱང་པར་དངོས་པོ་འབུལ་མིན་རྗེས་སྡོད་ཀྱི་བློ་བཅད་ཆོག་འཐུས་ལས་ཡིན་མིན་མ་དགོས་པས་དངུལ་ཕུལ་ན་འགྲིག་པས་འཁོས་བསྟུན་བློས་བཅད་ཀྱིས་རིས་སུ་མ་ཆད་པའི་བླ་ཁག་དང་བྱ་བཏང་ཚེ་མཚམས་པ་སོགས་བསྔོ་ཞུ་རྒྱ་གང་ཆེ་འབུལ་དགོས་པ་རྣམས་དང་།  མཇུག་ཏུ་མཚམས་གཅོད་རལ་གྲི་ཞེས་པས་ཕྱིས་འཆི་བའི་རྒྱུན་གཅོད་པའམ། འཆི་བདག་གཤིན་རྗེ་འགོག་པའི་བརྡ་མཚོན་དུ་གྲི་རིང་ཐུང་སྣེ་དགོས་ཁ་བཏགས་དང་འདོད་གསོལ་བསྔོ་ཡིག་ཤོག་ལྷེ་བསྒྲོགས་པ་ཞིག་བཅས་དཀར་མེ་བསྔོ་ཞུའི་གོང་ལ་ཚང་མ་བསྡོགས་ཏེ་འགྲེམས་འབུལ་བྱས་ཚོགབཟོས་ཟིན་བ་བྱ་དགོས།།
བརྒྱད་པ། བསྔོ་རྟེན་འབྲི་སྟངས་སོགས།
          ཞྭ་སེར་བསྟན་པའི་རྒྱན་མཆོག་སྐྱབས་གནས་བླ་མ་རིན་པོ་ཆེའི་ཞབས་དྲུང་དུ་འཇིག་རྟེན་འདི་ནས་ཕྱི་མའི་ལམ་དུ་གྱུར་པxxཆེད་དུ་མཇལ་དར་ཟུབ་ཕྱི་དང་། དངུལ་སྒོར་བཅོ་ལྔ་བཅས་ཕུལ་བ་ལགས་ན་དེ་ཉིད་ཀྱི་གཙོས་མར་གྱུར་པའི་སེམས་ཅན་་ཚེ་ལས་འདས་ཚད་རྣམས་ཚེ་རབས་འཁོར་བ་ཐོགས་མེད་ནས་བྱས་བསགས་སྡིག་ལྷུང་ཅི་མཆིས་སྦྱངས་ཞིང་དག་ནས་དལ་རྟེནརིམ་བརྒྱུད་བླ་མེད་རྫོགས་བྱང་མྱུར་དུ་ཐོབ་པའི་བསྔོ་སྨོན་སྐྱབས་འཇུག་བརྩེ་བས་གཟིགས་པ་མཁྱེན།  མཁྱེན། གསོལ་བ་འདེབས་པ་ལགས་ཞེས་སོ།
          དཀར་མེ་བསྔོ་ཞུའི་གོང་ལ་ཞལ་འདེབས་འབུལ་མི་ཚོས་འབུལ་རྒྱུའི་དངུལ་གྱི་ཤོག་ཆག་གི་ཁ་ཡིག་ལ་མར་མེའི་ཞལ་འདེབས་ཞེས་འགོད་པ་དང་། དེ་ནས་འགྱངས་ཚེ་ཤོག་ཆག་གི་ཁ་ཡིག་ལ་ཐུགས་གསོས་དང་། ཡང་ན་མཆོད་སྤྲིན་ཞལ་འདེབས་དང་དེ་ནས་འགྱངས་ཚེ་འཁྲུངས་རྟགས་ཞལ་འདེབས་སོགས་གང་རིགས་འགོད་སྲོལ་ཡོད། དེ་མཉམ་ཁ་བཏགས་ལེགས་འབྲིང་ཇི་ཡིན་དེ་དག་རིང་པོར་མ་གློད་པར་མྱ་ངན་གྱི་ཚུལ་དུ་ལྟེབ་བརྩེགས་རྒྱག་དགོས་པ་དང་། འགའ་ཞིག་ནས་སྤོས་ཆག་འགའ་ཞིག་ཀྱང་འབུལ་སྲོལ་འདུག།
          དཀར་མེ་བསྔོ་ཞུ་ཞེས་ནི། རྩིས་འབྲས་ནང་གསལ་ཕུང་པོ་ཕྱི་འདོན་གྱི་སྔོན་མ་དེ་ལ་ཟེར་བས། དཔེར་ན། ཕུང་འདོན་སང་ཉིན་འཁེལ་ན་དེ་ཉིན་དཀར་མེ་བསྔོ་ཞུ་ཡིན། དེ་ཉིན་སྔ་དྲོ་དགའ་རོགས་མང་འཛོམས་རྣམས་ཁག་བགོས་ཀྱིས་གཙུག་ལག་ཁང་ཡས་མས་སོགས་ཉེ་སྐོར་ཕྱོགས་བཞིའི་རྟེན་གསུམ་ཁག་ལ་མར་ཞུ་ཡོད་པའི་ཟོ་ལག་དང་། སྙན་ཤལ་མང་པོ་དང་སྤོས་བཅས་བསྐུར་ཏེ་ཉིན་དགུང་གོང་ལ་ཚང་མ་འབུལ་དུ་བཏང་ཚར་བ་བྱེད་དགོས། དེ་བཞིན་དབུལ་ཕོངས་ལ་སྤྲང་འགྱེད་སོགས་སྤྲང་འགྱེད་སོགས་ལ་སྦྱིན་གཏོང་ཡང་བྱེད་དགོས། གྲ་སྒྲིག་སྔོན་ཟིན་བསྔོ་རྟེན་ཁག་ཀྱང་ས་གནས་འབྲེལ་ཡོད་ཚོ་ཁག་བསྒྲིལ་བསྡམས་བཟོས་ཏེ་དགའ་སྤུན་གྲོགས་འགའ་ལ་ཁག་བགོས་ཀྱིས་བསྐུར་ཐོག་མཇུག་ཏུ་མཚམས་གཅོད་རལ་གྲི་སྣེ་ཅན་དེ་ཉེ་སྐོར་མགོན་ཁང་ཞིག་ལ་འབུལ་རྒྱུ་བཅས་བསྐུར་ཏེ་དགའ་གྲོགས་རྣམསདེ་ཉིན་འདས་པོའི་ཁྱིམ་དུ་ཕྱིར་ལོག་གནང་སྲོལ་མེད། དེ་ནས་དགའ་ཉེ་རེ་ཟུང་བཞུགས་ཏེདགོང་དྲོ་རྒྱུན་པ་རྣམས་ལ་སྐུ་ཡོན་ཆེན་པོ་ཕུལ་ཏེ་དགེ་འདུན་རྣམས་ཕྱིར་ལོག་མཛད་ཀྱི་རེད།
          དེའི་བར་རྒྱུན་པ་ཚོར་གསོལ་ཚིགས་གཟབ་འབུལ་དགོས་པ་སྨོས་མ་དགོས། དགའ་གྲོགས་ནས་སྔོན་ཚུད་གྲ་སྒྲིག་ཇི་དགོས་ཟིན་པ་ལྟར་ཕུང་འདོན་དངོས་གཞི་ནི་དཀར་མེ་བསྔར་ཞུའི་ཕྱི་ཉིན་སྔ་དྲོ་ཐོ་རེངས་སྟག་གི་དུས་ཚོད་ཐོག་ཞོགས་པ་ཆུ་ཚོད་གསུམ་པ་ནས་ལྔ་པ་བར་ལ་ཕུང་པོ་ཕྱིར་འདོན་དགོས་པས་དེའི་སྐབས་ཕུང་པོ་གདན་བྱེད་ཕེབས་བྱང་ལྟ་བུ་ཞིག་དགོས་པ་ཟུར་དུ་བཟོ་ཐུབ་ན་རབ་དང་།  དེ་མིན་ཕལ་མོ་ཆེས་རྒྱ་ལྕོག་གྲུ་བཞི་ཞིག་ཁ་བསླངས་ཏེ་གཡས་གཡོན་སོ་སོའི་འོག་ཏུ་རྒྱུག་པ་ཕྲ་འདྲོངས་རིང་པོ་རེ་བཏང་། ཙྭ་ཐག་གམ་རས་ཐག་གིས་དམ་པོར་བཅིངས།  དེའི་ནང་ཕུང་པོ་ཙོག་ཙོག་དེ་བཞག་དབང་རྫས་ཀྱི་སྟོད་ལྷེ་དང་རིགས་ལྔའི་དབུ་རྒྱན་བསྒྲོན། ནང་མི་དང་རོགས་མི་རྣམས་ནས་ཁབཏགས་རེ་ཕུལ། ཁང་པའི་སྒོའི་ཕྱིར་བསང་དུད་ཆེ་ཙམ་ཞིག་བཏང་། ཕུང་པོ་ཡོད་པའི་བྱང་འཁྱེར་ཁྱོ་ག་གཞོན་ཐང་མི་བཞིས་དཔུང་འགྱོགས་ཀྱིས་འཁྱེར། ཕྱི་མའི་ལམ་དཀར་པོ་འགྲོ་བའི་མཚོན་དོན་དུ་དར་སྣེ་འདྲེན་པ་ཞེས་ཕུང་པོར་ཁ་བཏགས་ཤིག་སྒྲོགས་པའི་སྣེ་ནས་བཟུང་སྟེ་ཐོག་མར་དང་པོའི་འདས་ཁང་གི་སྒོ་ཐོན་མ་ཐག་རྩེས་གསལ་ཕྱོགས་གཙང་ཇི་ཡིན་ལ་ཁ་བསྐོར་ཏེ་ངང་ཙམ་བྱས། དེ་ནས་བསང་དུད་ཡོད་པ་དེ་གཡས་སྐོར་གསུམ་དང་། གཡོན་སྐོར་གསུམ་བརྒྱབ་སྟེ་འཁྱེར་འཁྱུག་ཙམ་རེ་བྱེད། འོན་ཀྱང་དེ་ཚོས་ཕུང་སྐྱེལ་དངོས་སུ་འགྲོ་མ་དགོས། ནང་མི་བུད་མེད་གཅིག་ནས་ཁ་བཏགས་དང་མདའ་དར་ཞིག་གི་སྒོ་འགྲམ་ནས་ཕུང་མཇུག་གཡང་འགུགས་བྱ་སྲོལ་ཡོད། འོན་ཀྱང་རྗེས་འདོད་བརྩེ་ཞིན་ཅན་འགའ་རེས་གཡང་འགུགས་བྱས་ན་འདས་པོ་དེ་ཉིད་ཕྱི་མ་དབུལ་པོར་གྱུར་དོགས་ཀྱིས་གཡང་ལེན་མི་བྱེད་པའང་ཡོད།  ཕུང་འཁྱེར་གྱི་སྔོན་གདོང་དུ་དེར་འཛོམས་དགའ་ཉེ་རྣམས་སྤོས་སྤར་བ་རྐང་འགའ་ཤས་རེ་འཁྱེར་ཏེ་སྐྱེལ་བར་འགྲོ།  དེ་སྐབས་གཙུག་ལག་ཁང་མདུན་དུ་ལམ་ཁ་འཁེལ་ན་ཕུང་ཞལ་གཙུག་ལག་ཁང་སོ་སོར་བསྟན་ཙམ་རེ་བྱེད་སྲོལ་ཡོད། དེ་ནས་གྲོང་ཁྱེར་གྲོལ་ཙམ་ནས་ཕུལ་སྐྱེལ་དགའ་ཉེ་རྣམས་ནས་སྤོས་ས་གཙང་ཞིག་ལ་བསྐྱུར་ཏེ་རང་གནས་སོ་སོར་ལོག་པ་ལས་དེ་ཉིན་འདས་པོའི་ཁྱིམ་དུ་མི་ཡོང་བ་རེད། དུར་ཁྲོད་དུ་འགྲོ་མིའི་རྒྱབ་རྫི་དོ་ཆོད་གཅིག་གཉིས་གང་རུང་ནས་ཕུལ་སྐྱེལ་ཐུན་མོང་གི་ཚ་ཆས་རྩམ་པ་དང་། ཇ་མར། སྤགས་ཐུད་ཤ་བཙོས་བཅས་འཁྱེར་ཏེ་རྟ་ཐོག་གམ།  རྐང་ཐང་གང་རུང་ལ་སྔོན་ཙམ་ལ་འགྲོ་བར་བྱེད། ཕུང་པོ་གདན་མི་གསོ་ལེན་ཕོ་གཞོན་འཐེབ་འཁྲོལ་ཇི་ཡོད་བཅས་སྟོབས་ལྡན་དང་། ཕུང་གདན་རྣམས་ལ་འགྲོ་ཁར་གླ་ཆ་གང་གཟབ་དང་། ཁ་བཏགས་རེ། འདས་པོའི་གྱོན་སྣེ་དང་། ཉལ་ཆས་སོགས་སྣེ་འགའ་ཤས་སྤྲོད་དགོས་པ་མ་ཟད། ལྷག་པར་ཕུང་པོ་གཏོར་གསེས་བྱེད་མི་སྟོབས་ལྡན་ལ་གསོལ་རས་གང་གཟབ་སྤྲོད་དགོས་ཐོག་ཕུང་པོ་སྒྲིལ་རྫས་རྣམས་ཐོབ་པ་བརྗོད་མེད་ཀྱང་། དབང་རྫས་ཕུང་རྫི་ནས་གཡང་ལེན་རྩ་བར་ཕྱེར་འཁྱེར་ཡོང་དགོས། ཕུང་སྐྱེལ་བ་ཚོས་ལམ་བར་ངལ་གསོ་མི་བྱེད་ཅིང་དེ་ནི་ངལ་གསོ་བརྒྱབ་སྟེ་ཕུང་པོ་ས་སྟེང་བཞག་ན་དེར་དུར་ས་ཆགས་ཀྱི་ཡོད་པའི་དབང་གིས་རེད། ཡང་འབྱོར་ལྡན་འགའ་ཞིག་གི་ཕུང་པོ་གནས་ཆེན་ཐག་རིང་ཙམ་གྱི་དུར་ཁྲོད་ལ་སྐྱེལ་བསྐྱོད་སྔོན་འགྲོ་བས་གུར་དང་ཐབ་ཆས་སོགས་འཁྱེར་ཏེ་སོང་ནས་ཚ་ཞག་འཁེལ་སར་གྲོང་ནང་མི་སྡོད་ཁར་ཕུང་ཡོར་འགྱོགས་བྱང་འཇོག་ཡུལ་ཡང་ངེས་པར་ས་ཕག་འགའ་ཤས་བསྒྲིགས་པའི་སྟེང་འཇོག་གི་ཡོད་འདུག ཕུང་རྫི་སྔོན་བསྐྱོད་དུར་ཁྲོད་དུ་འབྱོར་འཕྲལ་ཕུང་པོ་དུར་སྟེང་དུ་བཞག་སྟེ་དེ་ནས་སྟོབས་ལྟན་དང་ཕུང་གདན་རྣམས་ལ་ཇ་སྤགས་ཤ་གསུམ་གཏོང་དགོས། དེ་སྐབས་ཁྱིམ་ཚང་དྲག་གྲས་ཡིན་ན་ཕུང་པོ་བྱ་གཏོར་མ་བྱས་གོང་གི་ཉེ་སྐོར་གྱི་དགོན་པའམ།  རི་ཁྲོད་གང་རུང་ནས་སྨོན་ལམ་གསུང་མིའི་དགེ་འདུན་ཡང་གདན་དྲངས་ཏེ་ཆུ་ཚོད་ཕྱེད་ཙམ་རིང་སྨོན་ལམ་གསུངས་པར་སྐུ་ཡོན་ཕུལ་ཏེ་ཕེབས་འགྲོ་བས་ཁོང་རྣམ་པར་གསོལ་ཇ་འབུལ་མ་དགོས།
          དེ་ནས་སྟོབས་ལྡན་གྱིས་བསང་དུད་ཆེན་པོ་ཞིག་བཏང་སྟེ་ཕུང་པོའི་སྒྲིལ་རྫས་བཤུས་ནས་ཕུང་པོ་དུར་སྟེང་དང་པོ་ཁ་སྦུབ་ཏུ་བཞག་སྟེ་གྲི་རྣམས་ཁྲམ་བརྒྱབ།  དེ་ནས་གན་རྐྱལ་དུ་བཞག་སྟེ་ཁྲམ་བརྒྱབ་ནས་འཇོག་པ་དང་།  དུར་ཁྲོད་ཕལ་ཆེ་བ་བྲག་ལེབ་ཆེན་པོའི་སྟེང་ཡོད་པ་རེད།  དེ་ལ་དཀྱིལ་འཁོར་ཞེས་འབོད་སྲོལ་ཡོད་པ་རེད།
          དུར་ཁྲོད་མང་ཆེ་བའི་དཀྱིལ་འཁོར་གྱི་མགོར་རྡོ་ཚུགས་བསླངས་ཡོད་པ་རེད།  དེ་ལ་དཀྱིལ་འཁོར་ཞེས་འབོད་སྲོལ་ཡོད་པ་རེད། དེ་ནི་བྱ་རྒོད་ཀྱི་ཕུང་ཤ་ཕར་འཐེན་ཚུར་འཐེན་བྱེད་སྐབས་ཕུང་པོ་དཀྱིལ་འཁོར་ཕྱིར་མི་དྲུད་པའི་ཁྱད་ཡིན་འདུག  དེའི་ཚེ་བྱ་རྒོད་མང་པོ་རིམ་བཞིན་འཛོམས་ཐོག་ཕུང་པོའི་ཉེ་འཁོར་དུ་བསྐོར་ཏེ་སྡོད་པས་ཧབ་ཐོབ་བཤིག་བཤིག་གིས་ཤ་རྣམས་ཟ་གི་ཡོད། དུར་ཁྲོད་འགའ་ཞིག་ལ་བྱ་རྒོད་ཚོའི་ནང་ནས་འགོ་པ་ལྟ་བུ་ཞིག་ཡོད་པ་དེ་མ་སླེབས་པར་སྤྱི་བྱིངས་ཀྱི་མི་བཟའ་བ་དང་། འགོ་པ་ལྟ་བུ་དེ་སླེབས་པའི་མཚམས་བྱ་རྒོད་དེས་སྔོན་ལ་ཤ་རྡོག་གསུམ་བཞི་ཙམ་ཞིག་ཟོས་ཏེ་ཕར་ཙམ་ཕྱིན་འཕྲལ་བྱ་རྒོད་གཞན་རྣམས་ཚང་མས་འཚང་ཁ་བཤིག་གི་ཡོད་པ་རེད།  དེའི་སྐབས་བྱ་རྒོད་ཚོས་མི་ལའང་ཞེད་སྣང་རྩ་བ་ནས་མི་བྱེད་སྟབས་སྟོབས་ལྡན་ཚོས་བྱ་རྒོད་ཀྱི་གཤོག་པའི་འོག་ནས་རྒོད་སྤུ་ལྷོབ་ལྷོབ་དེ་གྲས་བཀོག་སྟེ་རྗེས་ལ་ཚོས་སྣ་ཚོགས་བརྒྱབ་ནས་བུ་མོ་གཞོན་ནུ་ཚོའི་རྩེད་ཆས་ཐེ་བེད་ཟེར་བ་བཟོས་ཏེ་ཚོང་གི་ཡོད་པ་རེད།  ཡང་འགའ་ཤས་ནས་ཕུང་པོ་བྱ་གཏོར་བྱེད་སྐབས་གཅོད་པ་རེ་ཟུང་གི་གཅོད་གྱི་ཞལ་འདོན་གནང་མིའང་ཡོད།  ཕུང་ཤ་རྣམས་བྱ་རྒོད་ཀྱིས་ཟས་ཟིན་མཚམས་རུས་པ་སྐྱ་རོང་ངེར་གྱུར་པ་དེའི་ཐོད་པ་ཀླད་པ་རང་འགྲིགས་བཀོག་སྟེ་ཟུར་དུ་རྡོ་ལེབ་ལྗིད་ཙམ་ཞིག་གིས་ཁེབས་བརྒྱབ་ནས་བཞག རུས་པ་རྣམས་རྡོ་བརྡུངས་ཀྱིས་བཅགས་ཏེ་ཞིབ་ཞིབ་བཟོས་ཟིན་མཚམས་ཐོད་པའི་ཀླད་པ་དང་རུས་པ་མཉམ་དུ་བསྲེས་ཏེ་འཇོག  གལ་ཏེ་ཐོད་པ་དེ་རྗེས་འཇུག་ལས་མིའམ། བླ་མ་སོགས་ལ་དགོས་གལ་ཡོད་ན་ཕུང་རྫིས་ཉར་བར་བྱེད། དེ་མིན་རུས་པ་མཉམ་དུ་རྫོག་རྐྱང་བྱེད་པ་ལས་ཐོད་པ་དེ་བདག་མེད་ཀྱིས་སུ་བྱུང་ལ་གཏན་ནས་སྤྲོད་སྟེར་མི་རུང་བ་རེད། རུས་པ་ཀླད་བསྲེས་དེ་དག་དང་དུར་སྟེང་ཤ་ཁྲག་ཀླད་གསུམ་ཞིབ་ཞིབ་འཐོར་ལུས་རྣམས་ཀྱི་སྟེང་རྩམ་པ་བརྒྱབ་སྟེ་སྤགས་ཕྱིས་གཙང་མར་བྱས་པའི་སྤགས་ཞིབ་བཅས་སྤུངས་ཏེ་བཞག་ནས་སྟོབས་ལྡན་ཚུར་ཙམ་ཡོང་འཕྲལ་བྱ་རྒོད་རྣམས་ཀྱིས་སྔར་བཞིན་ཧབ་ཐོབ་ཀྱིས་ཟ་གི་རེད།           གང་ཡིན་ཞེ་ན་ཀླད་པ་ཡོད་པའི་རྐྱེན་གྱིས་ཡིན་པ་དང་།  བྱ་རྒོད་རྣམས་ཆོས་པ་རྣམ་དག་ཅིག་དང་འདྲ་བར་གཞན་སྲོག་མི་གཅོད་པར་ཤི་ཤ་འབའ་ཞིག་ཟ་ཞིང་། ཀླད་པ་ནི་ཕྱི་དྲོའི་ཁ་ཟས་སྤངས་པའི་ཕྱི་ཆབ་བླངས་པ་དང་འདྲ་གཤིས། ཀླད་པ་སྔོན་ལ་སྤྲོད་ཐལ་ཤོར་ན་རུས་པ་ལྟ་བཞག་ཤའང་ཟས་མི་ཡོང་ཟེར་སྲོལ་ཙམ་འདུག་ཀྱང་བདེན་མིན་ཐག་གཅོད་མ་ཐུབ་ཅིང་། དེ་ནས་ཕུང་པོའི་མགོ་སྐྲའང་ལོགས་ཞིག་ལ་མེར་སྲེག་གཏོང་བ།མཐུན་རྐྱེན་འགྲིགས་པ་འགའ་ཞིག་ནས་དགེ་འདུན་གཉིས་གསུམ་གྱིས་སྐྲ་ཆོག་མཛད་ཡོང་།  དེ་དག་ཟིན་རྗེས་སྟོབས་ལྡན་ནས་ཐག་ཉེ་སའི་རྒྱུགས་ཆུ་ཞིག་གི་རྩར་སོང་སྟེ་གདོང་ལག་དཀྲུས། ཇ་སྤགས་ཐུད་གསུམ་ཟས་པར་རང་གནས་སོ་སོར་ལོག་པ་མ་གཏོགས་དེ་ཉིན་ཞག་གཅིག་ཕུང་རྫི་སོགས་ཀྱང་འདས་པོའི་ཁྱིམ་ལ་འགྲོ་མི་ཆོག་སྟབས་དེ་ཁོངས་ནང་མི་ཡོད་ན་དགའ་ཉེ་གཞན་ནམ་ཡང་ན་གཞན་སར་གནས་ཚང་གཡར་སྡོད་བྱེད་པ་ལས་རང་གི་ནང་འདས་ཁྱིམ་དུ་ཡོང་ན་མི་འགྲིགས་པའི་ཁར། ཚ་ཆས་ཀྱི་ལྷག་མའང་ཕྱིར་འཁྱེར་ཡོང་མི་རུང་བས་སྣོད་སྟོང་བཟོ་དགོས། ཕུང་པོ་ཕྱིར་བཏང་ཟིན་ཤུལ་གྱི་ས་ཕག་རྒྱུགས་ཆུའམ་རིང་སར་བརྐྱུར་ཏེ་བསང་བསྐོར་བརྒྱབ། དེའི་ཤུལ་དུ་དགེ་སློང་གཉིས་ཙམ་ཞིག་ཟུར་དུ་གདན་དྲངས་ཏེ་བརྒྱད་སྟོང་པ་ཚར་གཅིག་དག་ཐོན་སྒྲོག་སྦྱང་ཞུས་ཏེ་སྐུ་ཡོན་ཕུལ་ནས་ཕེབས་འགྲོ་ཞིང་ཡང་འབྲུམ་ནད་དང་མཛེ་ནད་སོགས་འགོས་ནད་ཚབས་ཆེས་འཆི་བའི་ཕུང་པོའི་རིགས་བྱ་གཏོར་དང་ཆུ་བསྐྱུར་གཉིས་ཀ་མི་ཆོག་པས་ས་སྦས་གཏོང་བ་དང་། དེ་བཞིན་མཚོན་འོག་ཤི་བའི་རིགས་ཀྱང་བྱ་གཏོར་མི་རུང་སྟབས་ཆུ་བསྐྱུར་གཏོང་དགོས་པ་བཅས་འདི་དག་ནི་ཁ་གཏམ་ལ་ཕུང་པོ་རི་བརྩེའི་རྒོད་ལ་སྟེར། ཡང་ན་ཆུ་ནང་ཉ་ལ་སྦྱིན་ཞེས་འབོད་རྒྱུན་ཡོད་པ་ལྟར་ཡིན་འདུག་ཀྱང་ཆ་རྐྱེན་ཅུང་འཛོམས་པའི་ཁྱིམ་ཚང་གིས་ཕུང་པོ་མེར་སྲེགས་གཏོང་སྐབས་ཕུང་པོ་ནར་སྟབས་སུ་མགྱོགས་བྱང་སྟེང་བཞག་སྟེ་མི་བཞིས་དཔུང་མགྱོགས་ཀྱིས་འཁྱེར་བའམ། ཡང་ན་རླངས་འཁོར་ནང་འཁྱེར་སྐྱེལ་བྱེད་པ་དང་། ས་ཁུལ་རེ་ཟུང་ཉམ་ཆུང་འགའ་ཞིག་ད་དུང་སྔོན་སྲོལ་ལྟར་ཕུང་པོ་སྒྲིལ་བྱང་བྱས་ཏེ་སྲེག་ཁང་ནང་བསྐྱལ་རྗེས་ཐོག་མའི་མེ་སྤར་མཁན་དེ་འདས་པོའི་སྤུན་མཆེད་ཅིག་གིས་མེའི་དཔལ་འབར་ཞིག་འཁྱེར་ནས་ཕུང་པོའི་མགོ་ཕྱོགས་ནས་དང་པོར་མེ་སྤར་བར་བྱེད་པ་སོགས་བྱ་སྟངས་འགའ་དུས་ཡུལ་དུས་དང་བསྟུན་པའི་འགྱུར་བ་ཙམ་ལས་བྱིངས་སྤྱི་གཅིག་མཚུངས་ལྟར་མཆིས། དེ་རིགས་ཕུང་ཐལ་རྒྱུགས་ཆུར་བཤམས་པ་བྱེད་ཅིང་། ཡང་འགའ་ཤས་ནས་རུསཔ་རྣམས་ཟུར་བསྒྲུགས་ཀྱིས་སྣོད་ནང་བླུགས་ཏེ་མི་འཁྲུགས་པ་སོགས་ལྷ་མཆོག་གང་རུང་གི་སྒོ་ནས་རུས་ཆོག་གཏོང་། དེ་རྗེས་ཞིབ་མོར་རྫོག་ནས་ས་དང་མཉམ་བསྲེས་ཀྱིས་སཙྖ྄་པར་འདེབས་བྱས་ཏེ་རི་སྟེང་སྐྱེལ་བ་རེད།
དགུ་པ། མགོ་འཁྲུ།
          མགོ་འཁྲུ་ཞེས་པ་རྗེས་སྡོད་ནང་མི་ཚོའི་འཁྲུས་ཀྱི་ཉིན་མ་ནི་སྤྱིར་བཏང་འདས་པོ་དེ་ཉིད་གཤེགས་རྗེས་ཀྱི་བདུན་ཚིགས་དང་པོར་ཡིན་རུང་འདི་ནི་རྗེས་འདོད་ཀྱི་བླ་སྲོག་གཟའ་ཚེས་བཟང་བ་གཙོ་བཟུང་དགོས་སྟབས་དེའང་རྩིས་བཤར་ཏེ་གཟའ་སྐར་ཚེས་ཆ་དང་། དུས་ཚོད། ཁ་ཕྱོགས་ཀྱི་ཕྱོགས་གཙང་། མགོ་བོར་ཆུ་དང་པོའི་འདྲེན་པ་པོའི་ལོ་རྒྱུས་ལོ་རྟགས་སོགས་རྩིས་འབྲས་ལ་ཇི་ལྟར་གསལ་བ་བཞིན་བྱས་ཏེ་མགོ་གདོང་ལེགས་པར་འཁྲུ་བར་བྱེད། དེ་བཞིན་འགའ་ཉེ་ནང་མི་རྣམས་ནས་ཁྲུས་རྫས་ཡི་ཙི། ཨ་ཅོར། སྐྲ་གཞུག སྐྲ་ཤད། སྐྲ་སྣུམ་སོགས་སྤྲོད་སྲོལ་ཡོད་པ་ལྟར་ཡོ་ཆས་གསར་པ་རྣམས་བེད་སྤྱོད་བྱས། ཁྲུས་ཀྱི་ཡོ་ཆས་རྙིང་པ་ཟད་འཕྲོ་རྣམས་རྒྱང་རིང་དུ་སྐྱུར་ཏེ་དོར། སྐྲ་ལྷས་ཏེ་སྐྲ་གཞུག་གསར་པ་བསྒྲོགས། རྒྱུན་གོས་གྱོན། རྣ་རྒྱན་སོགས་རྒྱུན་གྱི་རྒྱན་ཆ་རྣམས་བཏགས། ཐོག་ཁའི་དར་ཤིང་ཡང་རང་འཇགས་བསླངས་ནས་མྱ་ངན་སངས་པའི་ཚུལ་བྱེད་པ་རེད། དེ་ནས་བདུན་རེ་བདུན་ཚིགས་རེ་ཟིན་ཏེ་ཉིན་ཞག་ཞེ་དགུ་བར་བདུན་ཚིགས་བདུན་ཟིན་ཞེས་བཤད་སྲོལ་ཡོད།
བཅུ་པ། ཞེ་བཅུ་ཞེ་དགུ།
          བདུན་ཚིགས་བདུན་དེ་ལ་བཞེ་བཅུ་ཞེ་དགུ་ཟེར་ཞིང་། གང་ལ་ཤེ་ན། འདས་པོ་ཚེ་འདས་ནས་ཉིན་གྲངས་དེ་དག་སོང་བས་མིང་དུ་ཆགས་ཤིང་། འདི་ནི་བདུན་ཚིགས་ཀྱི་མཐའ་དེ་ཡིན། བདུན་ཚིགས་ཀྱི་མཐའ་མ་འདིར་མཆོད་འབུལ་རྒྱས་ཤོས་དེ་བྱ་སྲོལ་ཡོད་པས་དེ་ཉིན་འདས་ཁྱིམ་དུ་བླ་མ་དགེ་འདུན་མང་ཙམ་གདན་དྲངས། དགའ་ཉེ་རྣམས་ཀྱང་འཛོམས། སྔོན་དུ་བསྔོ་ཞུར་སྦྱང་ཞུ་ཕུལ་རིགས་ཁང་ལ་སྦྱང་རྟགས་ཞེས་འདས་པོའི་སྐྱེ་རྟགས་ལྷ་སྐུ་ཇི་འདྲ་བ་བཞེངས་དགོས་བཀའ་ཕེབས་རིགས་ཀྱི་ལྷ་རྣམས་རབ་བྱུང་ན་གསེར་ཟངས་དང་། དངུལ་སྐུ་ལི་མ། འཇིམ་སྐུ་སོགས་རང་རང་འབྱོར་པར་གཞིགས་པའི་འབུར་སྐུ་བཞེངས་ཏེ་ཞལ་གསེར་དབྱེ་གཟུངས་འབུལ་དང་། ན་བཟའ་་སོགས་སྔོན་ཚུད་ཕུལ་ཟིན་བྱས་པ་དང་། ཡང་ན་ཞལ་ཐང་། མ་མཐར་ཡང་ཙ་ཀ་ལི་ཚུན་གང་འགྲུབ་བཞེངས་ཏེ་དེ་དག་བཤམས། དགའ་ཉེ་རྣམས་ནས་འཁྲུངས་རྟགས་ལ་སྙན་དར་ཕུལ། མཆོད་འབུལ། སྦྱང་ཞུ་སོགས་གྲ་སྒྲིག་སྔར་ལས་རྒྱས་པར་བྱེད། དགེ་འདུན་རྣམས་ནས་འཁྲུངས་རྟགས་ལ་ཁྲུས་གསོལ་དང་རབ་གནས་སྟབས་བདེ་ཞིག་དང་འབྲེལ་ཡི་དམ་གྱི་བདག་འཇུག་སྦྱང་ཆོག་སོགས་སྔར་ལྟར་མཛད། མཇུག་ཏུ་ཚོགས་འཁོར་རྒྱས་པ་བཤམས་འབུལ་གནང་། དེ་ཉིན་དགེ་འདུན་ལ་བསྙེན་བཀུར་གཟབ་རྒྱས་དང་དགའ་ཉེ་རྣམས་ལའང་རོགས་རམ་སྐུ་ངལ་དྲིན་གསབ་མཚོན་ཕྱིར་ཇ་ཆང་གསོལ་སྟོན་གང་གཟབ་འབུལ། དགའ་ཉེ་ནས་རོགས་རམ་གྱིས་སྔ་དྲོ་དང་། དགུང་རྒྱབ་ཉེ་སྐོར་ཁང་ཁག་ལ་སྙལ་ཤལ་དང་། ཞལ་གསེར་སྤྱན་དབྱེ། གསེར་ཀོང་བརྗེས་འབུལ། མཆོད་ཐིག་སོགས་རྒྱ་གང་ཆེ་མཛད་པར་ཕེབས། དེ་བཞིན་དམིགས་བསལ་དགོན་ཁག་ཆེ་ས་རེ་གཉིས་ལ་ཟུར་དུ་བསྙེན་འགྱེད་ཕུལ། ཉེ་སྐོར་ངན་སྤྲ་ཡོད་ཚད་ལ་སྤྲང་འགྱེད་རྒྱ་གང་ཆེ་བཏང་། དགེ་འདུན་རྣམས་ནས་མཇུག་ཏུ་སྨོན་ལམ་རྣམ་གསུམ་སོགས་བསྔོ་བ་སྨོན་ལམ་གྱི་རིམ་པ་གང་གཟབ་དང་། བསྟན་འབར་མ་སོགས་ཤིས་བརྗོད་ཀྱི་རིམ་པ་གང་རྒྱས་གནང་རྗེས་མཇུག་ནས་སྐུ་ཡོན་དང་མཇལ་དར་ཕུལ། དེ་བཞིན་དགའ་ཉེ་རྣམས་ལའང་ཚོགས་སྐལ་དང་། ཇ་ཆང་གསོལ་ཚིགས་བཏང་། རྗེས་འཇུག་ནས་མཇལ་དར་རེ་ཕུལ་ཏེ་ཚང་མ་སེམས་པ་རྗེས་དྲན་གྱི་བརྩེ་སྐྱོང་ཟུང་འབྲེལ་ངང་ནས་བཞི་བཅུ་ཞེ་དགུ་བར་གྱི་འདས་རྗེས་དགེ་འཇུག་གི་རིམ་པ་ལེགས་པར་ཟིན་པ་ཡིན་ཞིང་། འདི་དག་ནི་དཔལ་འབྱོར་གང་འཚམས་ཡོད་པའི་དབང་དུ་བྱས་པ་ཡིན་གྱི་འཁོས་ཁ་ཆུང་རིགས་ཀྱི་རྗེས་ཤུལ་ནས་ཀྱང་བདུན་ཚིགས་སོ་སོར་རྣམ་དཀར་གྱི་ས་བཅད་མཚོན་པ་ཙམ་རེ་ངེས་པར་བྱས་ནས་འདས་གསོན་ཚང་མར་ཕན་པར་འགྱུར་བའི་ཁྱད་པར་ཡོད་ཅེས་གྲགས་སོ།
བཅུ་གཅིག་པ། ལོ་མཆོད།
          འདས་པོ་གཤེགས་ནས་ལོ་འཁོར་གཅིག་སོང་བའི་རྗེས་སུ་ལོ་མཆོད་ཅེས་མཆོད་འབུལ་བྱེད་སྲོལ་ཡོད་། དེ་ནི་གོང་གི་རྣམ་དཀར་རྗེས་འཇུག་དེ་དག་གི་མཐུ་དང་བསོད་ནམས་ལ་བརྟེན་ནས་འདས་པོ་སྐྱེ་བ་བཟང་པོ་ཞིག་བླངས་ཟིན་པའི་དབང་དུ་བྱས་ཏེ་གར་སྟོན་གྱི་མཆོད་འབུལ་ཡིན་པས་ཚེས་ཆ་བཟང་བ་ཞིག་གི་ཉིན་དགའ་ཉེ་ནང་མི་རྣམས་ལ་མགྲོན་བརྡ་བཏང་། བླ་མ་དགེ་འདུན་གདན་དྲངས། ཁྱིམ་གྱི་རྟེན་དྲུང་མཆོད་པ་སྣ་ལྔའི་བརྒྱ་མཆོད་སོགས་ཚར་དུ་དངར་བ་བཤམས་། དགེ་འདུན་རྣམས་ནས་ཡི་དམ་གྱི་བདག་སྐྱེད་རྒྱས་པ་ཞིག་བཞེས་ཏེ་བླ་མཆོད་ལྟ་བུའི་ཚོགས་ཞིང་སྤྱན་དྲངས་མཆོད་འབུལ་ཞལ་འདོན་གྱི་རིམ་པ་གང་རྒྱས་དང་བསྙེན་བཀུར་དང་། ཆོགས་འཁོར་གཟབ་རྒྱས་འབུལ། འབྱོར་ན་སྔ་དྲོ་གཙུག་ལག་ཁང་ཡས་མས་ལའང་སྙན་དར་དང་མཆོད་འབུལ་ཞུས། དགེ་འདུན་ལ་སྐུ་ཡོན་དང་མཇལ་དར་ཕུལ།  དགའ་ཉེ་རྣམས་ལ་ཇ་ཆང་གི་གསོལ་སྟོན་གང་གཟབ་ཐོག་དགའ་སྤྲོའི་གླུ་གཞས་ཀྱང་བླངས་མཐར་མཇལ་དར་རེ་ཕུལ་ཏེ་གྲོལ་བར་བྱེད་པ་དང་། ནང་མི་རྗེས་ཤུལ་ཚོས་རང་ལ་བཀའ་དྲིན་ཆེ་བའི་རྩ་བའི་བླ་མ་དང་། ཕ་མ།  དགེ་རྒན། བཟའ་ཟླ། སྤུན་མཆེད་སོགས་ཀྱི་ལོ་རེའི་གཤེགས་ཚེས་ཉིན་མོར་དྲིན་གསབ་ཆེད་དུ་ལོ་ལྟར་མཆོད་འབུལ་དང་སྦྱིན་གཏོང་ཆད་མེད་བྱ་སྲོལ་ཡོད། གོང་གསལ་རྣམས་ནི་སྤྱིར་བཏང་བོད་མི་སེར་སྐྱ་ཕོ་མོ་ཁྱད་མེད་སོ་སོའི་སྐྱེ་བོ་ཕལ་པ་ཞིག་གི་འདས་རྗེས་ཀྱི་རིམ་པ་ཇི་ལྟར་བྱ་སྲོལ་ཡོད་པ་རྣམས་རོབ་ཙམ་བཀོད་པ་ཡིན་གྱི་སྐྱེས་མཆོག་དམ་པ་རྣམས་ཀྱི་སྐུ་གདུང་གི་རིགས་ཇི་ལྟར་ཞུ་ཕྱོགས་སོགས་གཞུང་ཟུར་དུ་སྔར་ནས་ཡོད་པ་ལས་ཤེས་ནུས་པས་འདིར་བརྗོད་པའི་གོ་སྐབས་མ་ཡིན་ནོ།
          ཞར་བྱུང་དུ་མི་ཤི་བྱུང་རྗེས་ཚེས་དགུ་དང་། བཅུ་དགུ། ཉི་ཤུ་དགུ་བཅས་ཚེས་ཆ་དེ་གསུམ་ལ་རེས་གཟའ་ཉི་མ་འཁེལ་ན་ཉི་མ་དགུ་ཁྲིད་ཅེས་འདས་ཚེས་སྡུག་ཤོས་སུ་བརྩི་བ་རེད། དཔེར་ན་ཚེས་དགུ་ཉིན་རེས་གཟའ་ཉི་མ་འཁེལ་བ་དང་དེ་ཉིན་མི་ཤི་བྱུང་ན་ཁྱིམ་ཚང་དེ་རང་དང་དེའི་ཁོར་ཡུག་ཁྱིམ་མཚེས་ལྟ་བུ་མི་རྣམས་འཚུབ་ཆ་ཆེ་བས་ཡང་བསྐྱར་དུས་ཚོད་ཐུང་ངུའི་ནང་གཅིག་རྗེས་གཉིས་མཐུད་ལྟ་བུའི་རྐྱེན་གོད་བར་ཆད་ཡོང་བའི་སྔ་ལྟས་ལ་ངོས་འཛིན་བྱེད་ཅིང་། འོན་ཀྱང་དུར་རྩིས་ལས་སྟོན་པའི་གཏོ་བཅོས་ཡག་པོ་སྒྲུབ་ན་ཕྱིར་བཟློག་ཡོང་ཟེར་བ་རེད།
          ཕུང་པོ་ཕྱིར་འདོན་དུས་ཞོགས་པ་ཁ་བ་བབས་ན་ཅུང་ལེགས་པར་རྩིས་ཏེ་དུར་ལམ་ཁ་བས་བཀག་པ་ཟེར་ནས་རྗེས་འཇུག་མི་ལ་བགེགས་བར་མི་ཡོང་བའི་སྔོན་རྟགས་བཟང་པོར་བརྩི་སྲོལ་འདུག
          འབྲུམ་ནད་དང་འཛེ་ནད་སོགས་འགོས་ནད་ཚགས་ཆེས་འཆི་བའི་ཕུང་པོའི་རིགས་བྱ་གཏོར་དང་ཆུ་བསྐྱུར་གཉིས་ཀ་མི་རུང་བར་ས་སྦས་གཏོང་བ་ནི་འགོས་ནད་དེ་དག་མི་དང་བྱ་རྒོད་སོགས་ལ་མི་ཁྱབ་པར་སྔོན་འགོག་དང་དགེ་ཕན་བྱེད་པ་མཚོན་པ་ཡིན་འདུག།
          མཚོན་འོག་ཤི་བའི་རིགས་ཀྱང་བྱ་གཏོར་མི་ཆོག་པས་ཆུ་བསྐྱུར་གཏོང་དགོས་པ་ནི་གོང་སྨོས་པ་ལྟར་བྱ་རྒོད་ནི་ཆོས་པ་རྣམས་དག་ཅིག་དང་འདྲ་བར་དེས་ཤི་ཤ་མ་གཏོགས་བསད་ཤ་མི་ཟ་བ་ཡིན་ཚོད་འདུག་པས་གལ་ཏེ་ང་ཚོས་མཚོན་འོག་ཤི་བའི་ཤ་དེ་བྱ་རྒོད་ལ་སྟེར་ན་དགེ་སྟེག་བླང་དོར་མི་ཤེས་པའི་སྣང་ཚུལ་ངོས་འཛིན་བྱེད་པ་རེད།།