ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཆོ་ག

སེང་གེ་གཤོང་གི་ཡུལ་སྲོལ་གཤིན་ལས་བྱེད་སྟངས།

སྤེལ་དུས 2017-08-24 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། ལྗོན་སྨྱུག་ནས་བསྒྲིགས།
          སེང་གེ་གཤོང་ནི་མདོ་སྨད་རེབ་གོང་ཡུལ་གྱི་ནང་ཚན་དུ་གྱུར་པའི་གྲོང་སྡེ་ཞིག་ཡིན་ཞིང༌། སྡེ་འདིར་མཚོན་ན་རེབ་གོང་ཁུལ་གྱི་རྩ་བའི་ཡུལ་སྲོལ་གོམས་སྲོལ་དང་གཅིག་མཚུངས་ལྟ་བུ་ཡིན་མོད། འོན་ཀྱང་གཤིན་ལས་བྱེད་སྟངས་སོགས་གོམས་སྲོལ་འགའ་རེའི་ཆ་ནས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བྱེད་སྟངས་སྣ་ཚོགས་ཤིག་ཡོད།      འཆི་ཁའི་བྱེད་ལུགས་དང་རོ་ལས་རྒྱག་སྟངས། མི་སུ་ཞིག་རྐྱེན་དབང་གིས་འཆི་ལ་ཉེ་བའི་སྐབས་སུ་སྐྱེ་བདུན་རིལ་བུ་འཐུང་དུ་འཇུག་པ་ནི་བོད་ཡུལ་ཕལ་ཆེ་བ་དང་གཅིག་མཚུངས་ཡིན། ཡུལ་འདིར་དམིགས་བསལ་རབ་ཡིན་ན་མི་སུ་ཞིག་འཆི་ཁ་མར་རང་འགུལ་གྱིས་མགོ་ནུབ་ཕྱོགས་སུ་བསྟན་ཏེ་སེང་གེ་འགྱིང་སྟབས་དང༌། ཡང་ན་རྡོ་རྗེ་དཀྱིལ་ཀྲུང་དུ་བསྡད་ནས་འཆི་དགོས་པ་དང༌། དེ་ལྟར་བྱེད་མ་ནུས་ན་ཤི་མ་ཐག་ཏུ་བེམ་པོར་མི་སུ་གང་གིས་མི་རེག་པར་རང་སར་འཇོག་པ་དང༌། དེ་ནས་ཡུད་ཙམ་གྱི་རྗེས་ནས་གཤིན་པོའི་བུ་སྤུན་སོགས་ཉེ་མི་གང་རུང་ཞིག་གིས་སྔོན་ལ་རེག་སྟེ་སེང་གེ་འགྱིང་སྟབས་ཀྱི་འཆི་སྟངས་སོགས་བཅའ་སྲོལ་ཡོད།        བེམ་པོ་ཁྱིམ་དུ་བཞག་པའི་རིང་དྲུང་དུ་མཆོད་མེ་ཆད་མེད་དུ་སྦར་ཏེ། སྣུམ་སྲེག་བག་ལེབ་ཟུར་གསུམ་ཅན་རེ་འཇོག་སྲོལ་ཡོད་པ་དང༌། བེམ་པོ་ཕྱི་ལ་འཁྱེར་རྗེས་ཁྱིམ་དེའི་ཤ་ཉེ་ནང་གི་མནའ་མ་ཆུང་བས་གད་ཕྱགས་རྒྱག་དགོས་པ་དང༌། བེམ་པོའི་མདུན་དུ་བཞག་པའི་བག་ལེབ་ཀྱི་སྐལ་ཚང་མ་མནའ་མ་དེར་དབང་བ་ཡིན།        སྡེ་འདིས་གང་ཟག་གི་ཚོད་གང་ཟག་གིས་མི་ཐུབ་ཅེས་པའི་གསུངས་ལ་གཏུགས་ཏེ། མི་སུ་ཞིག་ཤི་རུང་ཐུགས་དམ་གྲོལ་བའི་བརྡ་བརྒྱབ་རྗེས་གཞི་ནས་རོ་ལས་བྱེད་པ་ཡིན། རོ་ལས་བྱེད་སྟངས་ནི། ཐོག་མར་བཟང་དྲུག་བཏབ་པའི་ཆུས་ཕུང་པོ་ལེགས་པར་བཀྲུས་རྗེས། གཤིན་པོར་སྐྲ་རིང་པོ་ཡོད་ན་རང་གི་བུ་མོ་དང༌། དེ་མེད་ན་ཚ་མོ། ཡང་ན་ཉེ་རིང་བུ་མོ་ཞིག་གིས་སྐྲ་སླས་དགོས་དང༌། དེ་རྗེས་གོས་གསར་པས་བརྒྱན་དེ་ལག་གཉིས་ཐལ་མོ་སྦྱར་བའི་ཚུལ་དུ་གཉའ་གོང་ནས་སྒྱིད་ཁུག་བར་ཐག་པས་བསྡམ་བཀྱིག་བྱས་ཏེ། གཏེར་རྫས་དང་ཆབས་ཅིག་ཁུག་མ་དཀར་པོ་ཞིག་གི་ནང་དུ་འཇུག་སྲོལ་ཡོད། 
          ཕུང་པོ་སྐྱེལ་སྟངས།  སྡེ་འདི་ལ་མཚོན་ན་ཕལ་ཆེ་བས་ཕུང་པོ་སྦྱིན་སྲེག་བྱེད་པ་དང༌། གལ་སྲིད་ནད་དབང་གིས་གཤགས་བཅོས་དང་མཆོན་ཁར་ཤི་བ་སོགས་ལུས་ལ་རྨ་ཁ་ཅན་གྱི་ཕུང་པོ་ཡིན་ན་ངེས་པར་དུ་ས་འོག་ལ་སྦ་སྲོལ་ཡོད། ཕུང་པོ་འཁུར་སྐྱེལ་གྱི་དྲ་མིག་སྔོན་དུ་ལས་དགོས་པ་དང༌། དྲ་མིག་བཟོ་མཁན་གྱི་ཤིང་བཟོ་དེས་དྲ་མིག་བཟོས་མ་ཚར་བར་ཁ་ཟས་ཟ་མི་ཆོག དྲ་མིག་གྲུབ་རྗེས་གཤིན་པོའི་མི་ཚང་གིས་དྲ་མིག་ནང་དུ་དོང་ཙེ་དང་གཡུ་བྱུར་སོགས་འཕེན་སྲོལ་ཡོད་པས། དེ་ནི་གཤིན་པོར་ཁང་པ་གསར་པ་ཞིག་གྲུབ་སོང་བའི་རྟེན་འབྲེལ་བསྒྲིགས་པར་བཤད་པ་དང༌། དེ་མིན་དྲ་མིག་ནང་ཟས་ཀྱི་སྡེར་ཁ་བསྒྲིགས་ཤིང་སྒོར་མོ་འཇོག་སྲོལ་ཡོད། དེ་ནི་དོན་གྱིས་དྲ་མིག་ལས་མཁན་གྱི་གླ་ཡིན་པར་བཤད། དྲ་མིག་བཟོས་པའི་ཉིན་དེར་མང་ཆེ་བས་སྡེ་བའི་དུར་སར་གདུང་ཁང་ཡང་བརྩིགས་པ་དང༌། རེ་གཉིས་ཀྱིས་གདུང་ཁང་ཕུང་པོ་སྐྱེལ་བའི་ནངས་པོ་དེར་བརྩིག་གི་ཡོད། གདུང་ཁང་བརྩིག་པར་སྡེ་བའི་ནང་གི་ཉམས་མྱོང་ཅན་ཁ་ཤས་འགྲོ་བ་དང༌། གདུང་ཁང་རྒྱུ་སོ་ཕག་གིས་བུམ་གཟུགས་ཀྱི་ཚུལ་དུ་བཟོས་ཏེ་ཐོག་ཏུ་དཀར་རྩི་བྱུགས་སྲོལ་ཡོད། གདུང་ཁང་བརྩིག་སྐབས་སྡེ་བའི་ནང་གི་མནའ་མ་ཆེས་ཆུང་བ་གཉིས་ཀྱིས་ཆུ་འཁུར་སྐྱེལ་བྱེད་དགོས་པ་དང༌། གྲུབ་རྗེས་ཁོ་གཉིས་ལ་དུར་སར་གཤིན་པོའི་སྐལ་ཡིན་ཞེས་སྣུམ་སྲེག་བག་ལེབ་གཉིས་རེ་སྟེར་བ་དང༌། དེ་ནས་ཕྱིར་ཁྱིམ་དུ་ལོག་སྐབས་ཆུ་སྣོད་སྟོང་བར་མི་འཁྱེར་བར་ནང་དུ་ཆུ་འཁུར་ནས་འགྲོ་བ་དང༌། ནང་ནས་ཀྱང་མནའ་མ་དེ་གཉིས་ལ་གཤིན་པོའི་སྐལ་ཡིན་ཞེས་བྱེ་མར་རེ་སྟེར་སྲོལ་ཡོད།        ཕུང་པོ་འཁྱེར་སྐབས་ངེས་པར་དུ་ཁང་ཁྱིམ་གྱི་སྒེའུ་ཁུང་ནས་ཕྱིར་བླངས་ཏེ་དྲ་མིག་ནང་འཇོག་དགོས་པ་ལས་སྒོ་ནང་ནས་འཁྱེར་སྲོལ་མེད། ཕུང་པོའི་སྟེང་ཕྲུག་སོགས་རྩ་ཆེའི་གོན་པ་མང་པོ་བཀབ་ཐོག་གོས་དམར་པོ་དང་ཁ་བཏགས་དཀར་པོ་དཔྱངས་པ་དང༌། དེ་ནས་ཕུང་པོ་ཕྱི་སྒོའི་དཀྱིལ་དུ་བཞག་སྟེ་སྡེ་བའི་རྒན་པ་སྨྲ་ལ་མཁས་པ་ཞིག་གིས། གཤིན་པོ་དེ་གསོན་དུས་དགེ་བའི་ལས་མང་པོ་བསགས་ཚུལ་དང༌། ད་ལྟའང་ང་ཚོས་ཁྱོད་ཕྱོགས་ལ་ཆོས་མང་དུ་བསྒྲུབ་ཀྱིན་ཡོད་ཚུལ། ཤ་ཉེ་རིང་དང་སྡེ་མི་ཚང་མས་ཁྱེད་ལ་དྲིན་གཟོ་བྱེད་ཀྱིན་ཡོད་ཚུལ། ཁྱེད་རང་ཁྱིམ་འདིའི་ཅི་ལའང་ཞེ་མི་ཆགས་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་འགྲོ་དགོས་ཚུལ་སོགས་སྐོར་གསལ་འདེབས་ཞིབ་ཏུ་ཞུས་རྗེས་ཕུང་པོ་སྐྱེལ་བར་འགྲོ་བ་ཡིན། ཕུང་པོ་སྡེ་བའི་ནང་གི་མི་གཞན་གྱིས་འཁུར་བ་ལས་གཤིན་པོའི་ནང་མིས་མི་འཁུར་བ་དང༌།  ཕུང་སྐྱེལ་དུའང་སྐྱེས་པ་ལས་བུད་མེད་རྣམས་འགྲོ་བའི་སྲོལ་མེད། རྩིས་པས་རྩིས་འབྲས་ལ་བརྟག་སྟེ་ལོ་རྟགས་བཅུ་གཉིས་ལས་གང་ལ་བབས་པ་དེའི་གཟུགས་རྩམ་པས་བཟོས་ཏེ་ཕུང་པོ་དང་མཉམ་དུ་འཁྱེར་སྲོལ་ཡོད་པས། དེ་ནི་གང་བབས་པའི་ལོ་རྟགས་དེ་ཅན་གྱི་སྡེ་མི་རྣམས་ཀྱི་ཚེ་སྲོག་ལ་མི་བཟང་པས་གནོད་པ་དེ་བཟློག་ཐབས་ཤིག་ཡིན་པར་བཤད། 
          ཞུགས་འབུལ་བྱེད་སྟངས།  དུར་སར་ནང་མིས་ཕུང་པོ་གདུང་ཁང་དུ་འཇོག་དགོས་པ་དང༌། སྐབས་དེར་ཕུང་པོའི་སྟེང་བཀབ་པའི་གོན་པས་ཡོལ་བ་བྱས་ཏེ་གཞན་གྱིས་མི་མཐོང་བ་བྱེད་པ་དང༌། ཕུང་པོའི་མགོ་སྐོར་ཕྱོགས་ནི་དུར་སར་བལྟ་མཁན་གྱིས་བརྟག་སྟེ་སྔ་ས་ནས་གཏན་འཁེལ་བྱས་ཡོད་པས་དེ་བཞིན་འཇོག་དགོས། ཕུང་པོ་ཞུགས་འབུལ་བྱེད་མཁན་ལ་སྡེ་བའི་ནང་རྒན་པོ་ཆེ་གྲས་བཞི་འཇོག་པ་དང༌། དངོས་སུ་མེ་སྦར་མཁན་ལ་ཆེས་རྒན་ཤོས་དེ་འཇོག་སྲོལ་ཡོད། སྐབས་དེར་བྱིས་པ་ལོ་བཅོ་ལྔ་ཡས་མས་ལོན་པ་ཞིག་གིས་དུར་ཐོག་ཏུ་ཁོ་ཚོར་ཇ་འདྲེན་དགོས་པ་དང༌། ཉིན་དེར་རྒན་པོ་བཞིར་སྐལ་གང་ཡོད་པ་བྱིས་པ་དེར་ཡང་ཡོད། རྒན་པ་དེ་ཚོས་ཕུང་པོ་ཞུགས་འབུལ་བྱས་རྗེས་ཕྱིར་གཤིན་པོའི་ཁྱིམ་དུ་ལོག་ནས་ཚོད་མ་སོགས་གཟབ་རྒྱས་ཀྱི་ཁ་ཟས་ལ་རོལ་བ་དང༌། རང་ཁྱིམ་དུ་འགྲོ་སྐབས་བག་ལེབ་དང་མར་སོགས་ཀྱི་སྐལ་སྟེར་སྲོལ་ཡོད།         ཕུང་པོའི་སྟེང་བཀབ་པའི་གོས་ཕྲུག་རྣམས་ཕྱིར་རང་ཁྱིམ་དུ་འཁྱེར་འགྲོ་བ་དང༌། ཕུང་སྐྱེལ་རྣམས་ཕྱིར་ལོག་སྟེ་ཁྱིམ་དེའི་སྒོ་འགྲམ་ནས་ལག་པ་ཆུས་བཀྲུས་རྗེས་ཆུ་དཀར་པོས་བཤལ་ཏེ། དེ་ནས་མེ་སྒོང་སྟེང་འགོམ་ནས་ཁྱིམ་དུ་ལོག་དགོས། དེ་ནི་མི་གཙང་བའི་མནོལ་གྲིབ་བསང་བར་བྱེད་པའི་ཐབས་ཡིན་པར་བཤད། ཕུང་རུས་དུར་འདེབས་བྱེད་སྟངས།         ཕུང་པོ་ཞུགས་འབུལ་བྱེད་པའི་གདུང་ཐབ་དེ་འགྲུབ་སྐར་བར་མ་བཤིག་པར་འཇོག་པ་དང༌། འགྲུབ་སྐར་གྱི་ཉིན་དེར་གདུང་ཁང་བཤིག་སྟེ་རུས་པ་ཕྲན་ཙམ་ཡང་མི་བསྐྱུར་བར་འཐུ་སྲོལ་ཡོད། རུས་པ་འཐུ་བྱེད་ནི་རབ་ཡིན་ན་གསེར་ཐུར་དང་དངུལ་ཐུར་ཡིན་དགོས་པ་དང༌། དེ་མེད་ན་གསོམ་ཤིང་གི་ཐུར་མ་དངུལ་ཤོག་དང་གསེར་ཤོག་གིས་ལྕིབས་ཏེ་འཐུ་དགོས། རུས་པ་འཐུས་རྗེས་ཐོད་རུས་མ་གཏོགས་གཞན་ཚང་མ་གཏེར་ཁུག་ནང་གཏེར་རྫས་དང་བཅས་ཞུགས་འབུལ་བྱེད་སའི་ས་འོག་ཏུ་སྦས་ཏེ་དུར་འདེབས་བྱེད་སྲོལ་ཡོད། དེ་ལ་དུར་སའི་དབྱིབས་ནི་རྟའི་རྨིག་པའི་བཟོ་ལྟར་བྱས་ཏེ་སྔར་ཡིན་ན་སྟེང་མདའ་མདུང་སོགས་འཛུགས་སྲོལ་ཡོད། དེ་ནི་གཡུལ་དུ་ཤི་བའི་དམག་མི་དཔའ་བོ་རྣམས་ལ་རྗེས་དྲན་གྱི་རྟགས་ཡིན་པར་བཤད། དེང་འགྱུར་བ་ཐེབས་ཏེ་ཚབ་ཏུ་མི་འཁྲུགས་པའི་དར་ལྕོག་འཛུགས་སྲོལ་ཆགས་ཡོད་ལ། དགུང་ཞག་གྲུབ་རྗེས་དར་ལྕོག་དེ་ལེན་པ་ཡིན། ཐོད་རུས་ཕྱིར་ཁྱིམ་དུ་འཁྱེར་ཡོང་ནས་ཨ་མཆོད་ཀྱིས་རུས་ཆོག་བསྐུར་སྲོལ་ཡོད།  
          དགེ་སྒྲུབ་བྱེད་སྟངས།       སྡེ་འདིར་མཚོན་ན་སྔས་མགོའི་བླ་མ་ཞེས་བླ་མ་གཉིས་ནས་གསུམ་ཞུས་ཏེ་ཁྱིམ་དེར་ཕེབས་ནས་འཕོ་བ་འདེབས་སུ་འཇུག་པ་དང༌། ཨ་མཆོད་ཀྱིས་འགྲུབ་སྐར་བར་ཁྱིམ་དེར་ཐར་མདོ་གསུངས་དགོས་པ་དང༌། འགྲུབ་སྐར་གྱི་རྗེས་རང་ཤག་ཏུ་སོང་ནས་གསུངས་ཆོག གཞན་མ་མཐའ་ཡང་དགེ་སློང་བཞི་སྡེ་ཞིག་གིས་བདུན་ཕྲག་གཅིག་རིང་གཙོ་བོ་ཀུན་རིག་དང༌། རྣམ་སྣང་མངོན་བྱང་གི་བདག་འཇུག་ལེན་སྲོལ་ཡོད། འདུན་བྱེད་སྟངས།       སྐྱེས་ཕོ་མོ་སུ་ཡིན་ན་མགོར་རལ་བ་ཡོད་ན་སྣེ་མོར་སྐུད་པ་དཀར་པོ་བཏགས་ཏེ་རལ་བ་མགོ་ལ་མི་དཀྲི་བར་སྐེ་རྒྱབ་ནས་དཔྱངས་པ་དང༌། སྐྲ་མི་སླས། སྐེ་རགས་མདུན་ནས་མདུད་པ། བུད་མེད་རྣམས་ཀྱིས་རྒྱན་ཆའི་རིགས་མི་འདོགས་པ་སོགས་ཀྱི་འདུན་བྱེད་སྲོལ་ཡོད།  སྐྱེ་སྒོ་བཞེངས་པ།        ལྷག་པར་སྡེ་འདིས་གཤིན་པོར་སྐྱེ་སྒོ་བཞེངས་པ་ཞེས་ཐོག་མར་བླ་མར་ལུང་བསྟན་ཞུས་པ་དང༌། རྩིས་པར་རྩིས་བྱས་ནས་སྨྲེ་བ་དགུའི་ལྷ་སྟེ། སྟོན་པ་དང༌། སྨན་བླ། མི་འཁྲུགས་པ། འོད་དཔག་མེད། སྤྱན་རས་གཟིགས། རྡོ་རྗེ་སེམས་དཔའ། སྒྲོལ་མ། འཇམ་དབྱངས། ཕྱག་རྡོར་བཅས་གང་བབས་པའི་ལྷ་དེའི་སྐུ་བརྙན་བཞེངས་སྲོལ་ཡོད་པ་བཅས་སོ།།