ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཆོ་ག

བོད་རིགས་ཀྱི་སྤུར་སྦྱོང་ལས་བྱ་གཏོར་གྱི་ཡུལ་སྲོལ་སྐོར་གླེང་བ།

སྤེལ་དུས 2017-08-24 ཡོང་ཁུངས། ༢༠༠༢ལོའི་《པོ་ཏ་ལ་》དེབ་བཅུ་པ་ལས་བདམས། རྩོམ་པ་པོ། རིན་ཆེན་བཀྲ་ཤིས།
            〔ནང་དོན་གནད་བསྡུས།〕བོད་ཀྱི་སྤུར་སྦྱོང་བྱེད་སྲོལ་དག་ལས་བྱ་གཏོར་ལམ་སྲོལ་གྱི་རྩ་བའི་འབྱུང་ཁུངས་དང་། དེའི་ཆོས་ལུགས་དང་འབྲེལ་བའི་ནང་དོན། སྤུར་ཇི་ལྟར་བྱས་ནས་བྱ་གཏོར་བྱེད་ཚུལ་གླེང་བ་དང་སྦྲགས་བོད་ཀྱི་བྱ་གཏོར་ལམ་སྲོལ་གྱི་གཞི་རྩའི་གནས་ཚུལ་མ་ཤེས་པར་གང་བྱུང་གིས་འགྲེལ་བརྗོད་བྱེད་པའི་སྣང་ཚུལ་ལ་སུན་འབྱིན་བཅས་བྱས་ཡོད།
 
           བྱ་གཏོར་ནི་བོད་རིགས་མང་ཚོགས་ཀྱིས་ལག་བསྟར་བྱེད་པའི་ཐུན་མོང་མ་ཡིན་པའི་སྤུར་སྦྱོང་གི་རྣམ་པ་ཞིག་ཡིན་ལ། དེར་རྟོགས་དཀའ་བའི་ཆོས་ལུགས་ཀྱི་ནང་དོན་ཁྱད་མཚར་ལྡན་པས། རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་མཉམ་འཇོག་དང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། མི་འགའ་ཞིག་གིས་དེའི་ཕྱོགས་ཀྱི་རྩོམ་ཡིག་སྤེལ་ཡོད་མོད། འོན་ཀྱང་། ཁོང་ཚོས་གནས་ཚུལ་དངོས་མ་རྟོགས་པའམ་ཡང་ན་བརྟག་དཔྱད་ཞིབ་འཇུག་གསལ་པོ་མ་བྱས་པར། ཕྱིའི་རྣམ་པ་ཙམ་ལ་ལྟ་ཞིབ་དང་རང་ཉིད་ཀྱི་འདོད་མོས་བཞིན་དུ་བྲིས་རྐྱེན། ནོར་འཁྲུལ་གྱི་བརྗོད་ཚུལ་ཁྱབ་གདལ་དུ་གྱུར། ད་དུང་། དེ་དག་རྩོམ་རིག་བརྩམས་ཆོས་སུ་དྲངས་ཏེ་སྒྲོ་འདོགས་བྱས་པས་གནོད་པའམ་ཆེན་པོ་ཐོན། ད་ལྟ་ང་ཚོས་དེ་ལ་ཚན་རིག་དང་ཕྱི་རོལ་ཡུལ་གྱི་དོན་དངོས་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་ཏེ། གོང་གི་ནོར་འཁྲུལ་གྱི་བཤད་རྒྱུན་དེ་དག་གིས་བཟོས་པའི་ཤུགས་རྐྱེན་ངན་པ་རྣམས་དག་ཐེར་བྱེད་དགོས། ང་ཚོས་ཤེས་གསལ་ལྟར། བྱ་གཏོར་གྱི་ལུགས་སྲོལ་ནི་བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཤིག་ཏུ་གྱུར་ཡོད་ལ། དེར་བརྩི་འཇོག་དང་རྟོག་དཔྱོད་བྱེད་རྒྱུ་ནི་ཏང་གི་མི་རིགས་སྲིད་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། དེར་བརྟེན། ཏང་གི་སྲིད་ཇུས་ཀྱིས་ང་ཚོར་གནད་དོན་འདི་རྒྱས་བཤད་ཡང་དག་ཅིག་བྱེད་པར་རེ་བ་བཏོན་ཡོད་ལ། འདིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་ཏང་གི་མི་རིགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པར་ལེགས་ཆ་ངེས་ཅན་ཞིག་བསྐྲུན་ཡོད།
 
                                                                                                    དང་པོ།
 
           ཀྲུང་གོ་ནི་ས་ཁྱོན་ཆེ་ཞིང་མི་གྲངས་མང་ལ། རྒྱ་རིགས་ལས་གཞན་གྲངས་ཉུང་མི་རིགས་ལྔ་བཅུ་ལྷག་ཡོད་པས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་མི་རིགས་མི་གཅིག་པར་ཡུལ་སྲོལ་གོམས་འདྲིས་ཀྱང་མི་གཅིག་པ་མང་པོ་ཞིག་བྱུང་ཡོད་དེ། སྤུར་སྦྱོང་ལ་མཚོན་ནའང་། དུར་སྦས། ཆུ་བསྐྱུར། སྤུར་བཞུས། བཞུས་ནས་རུས་ཐལ་རླུང་ལ་བསྐུར་བ། ཡུལ་ངེས་མེད་དུ་སྦ་བ། རོ་སྒམ་ནང་དུ་བཞག་རྗེས་བྲག་གི་དབྱིངས་སུ་དཔྱངས་པ། བྱ་ལ་གཏོར་བ་སོགས་ཀྱི་རྣམ་པ་མི་གཅིག་པ་མང་པོ་ཞིག་བྱུང་ཡོད། རྣམ་པ་མི་འདྲ་བ་འདི་དག་ཀྱང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་། རང་བྱུང་ཁོར་ཡུག་གི་འགྱུར་ལྡོག མི་རིགས་ཕན་ཚུན་བར་གྱི་ཤན་ཤུགས་དང་སློབ་སྦྱོང་བཅས་ཀྱིས་གོམས་སྲོལ་འགའ་ཞིག་ལ་འགྱུར་ལྡོག་བྱུང་ཡོད་དེ། དཔེར་ན། མི་རིགས་ཁ་ཤས་ཀྱི་ལོ་རྒྱུས་ཐོག་ཏུ་དུར་སྦས་གཏོང་ཡང་ད་ལྟ་སྤུར་བཞུས་བྱེད་པ་དང། ལ་ལས་ཆུར་བསྐྱུར་ཡང་ད་ལྟ་བྱ་གཏོར་བྱེད་པ་སོགས་ཡོད་དོ། བོད་རིགས་ཀྱིས་ཀྱང་གནའ་སྔ་མོ་ནས་བཟུང་བྱ་གཏོར་བྱེད་བཞིན་པ་ཞིག་མ་ཡིན་ཏེ། གནའ་བོའི་དུས་དེར་དུར་སྦས་གཏོང་གིན་ཡོད་ལ། བོད་ཀྱི་ས་ཁུལ་ཁ་ཤས་སུ་ད་ལྟའང་སྲོལ་དེ་མ་ཉམས་པར་རྒྱུན་འཛིན་བྱས་ཡོད། འོན་ཀྱང་། བོད་ཁུལ་གྱི་ས་གནས་མང་ཆེ་བར་བྱ་གཏོར་གྱི་ལམ་སྲོལ་དར་ཡོད། ﹙ས་ཁུལ་ཉུང་ཤས་ཤིག་ཏུ་ཆུར་བསྐྱུར་བ་དང་སྤུར་བཞུས་བྱེད་པའི་སྲོལ་ཡང་ཡོད།﹚ཅིའི་ཕྱིར་ལོ་རྒྱུས་ཐོག་བོད་རིགས་ཀྱིས་དུར་སྦས་གཏོང་བ་རེད་ཅེས་བཤད་ན། ང་ཚོས་རྒྱ་བོད་ཀྱི་ལོ་རྒྱུས་ཡིག་ཚང་ལས་མཐོང་ཐུབ་སྟེ། རྒྱ་ཡིག་གི《ཐང་ཡིག་གསར་མའི་》ནང་དུ“མི་ཤི་ཚེ་རོ་དུར་དུ་སྦ། བང་སོར་ཚོན་སྣ་འབྱུག་”ཅེས་དང་། 《ཐང་ཡིག་རྙིང་མ་ཐུ་བྷོད་ཀྱི་གླེགས་བམ》ལས་“ཕ་མ་ཤི་ཚེ་སྐྲ་འབྲེག གདོང་ལ་ཚོས་ནག་པོ་འབྱུག་གྱོན་པའང་ནག་པོར་བྱེད། དུར་དུ་སྦས་ཟིན་ན་འདུན་ཡང་གྲོལ་བ་ཡིན་”ཞེས་དང་། ད་དུང་ལོ་རྒྱུས་ཀྱི་ཡིག་ཚང་ནང་དུ་“མི་ཤི་རྗེས་སྒོ་ཕྱུགས་གཡག་རྟ་སོགས་བསད་དེ་དུར་གྲོགས་སུ་སྦ། སྲོག་ཆགས་དེ་དག་གི་མགོ་བོ་བཅད་དེ་བང་སོའི་ཐོག་ཏུ་སྤུངས། བང་སོ་ནི་རྡོ་བ་བརྩིགས་ཏེ་གྲུབ་ལ། དབྱིབས་གྲུ་བཞི་ཡིན་པས་ཀླད་ལེབ་མོའི་ཁང་པ་ཞིག་དང་མཚུངས།”ཞེས་བཀོད་འདུག《ཡིག་ཚང་རུས་སྦལ་མ》རུ་“གཡུལ་འགྱེད་ཀྱི་ཁྲོད་དུ་ཤི་ཚེ། བང་སོར་ཚོས་དཀར་པོ་འབྱུག་སྟེ། ལོགས་ཀྱི་བང་སོ་རྣམས་དང་མི་འདྲེས་པར་བྱེད།”“གཡུལ་དུ་ཤི་བ་རྣམས་ས་དེ་གར་སྦས་ལ། སྡོང་བོ་བཙུགས་ནས་མཆོད་འབུལ་སོགས་མི་བྱེད། ལྭ་ནག་པོ་གྱོན་ཞིང་ལོ་གཅིག་ལ་འདུན་བྱེད།”《ཐང་ཡིག་གསར་མ་ཐུ་བྷོད་ཀྱི་གླེགས་བམ་》དུ་བཀོད་པ་ལྟར་ན། ལིག་ཡོན་ཏྲིན་གྱིས་ལམ་བར་དུ་ཐུ་བྷོད་ཀྱི་བང་སོ་མཐོང་སྟེ། “ཡར་ཀླུང་གཙང་པོའི་ལྷོ་ནུབ་ནི་ཁོད་སྙོམས་ཤིང་བཅུད་ཆེ་ལ། ཡུལ་ལྗོངས་ཀྱང་རྣམ་པར་མཛེས། གཙང་པོའི་འགྲམ་གཉིས་སུ་འོམ་བུ་ཤིང་གིས་ཁེངས་ཤིང་། རིའི་རྐེད་དུ་ཤུག་པ་དང་རི་འདབས་སུ་བང་སོ་མང་པོ་འདུག བང་སོའི་ལོགས་སུ་ས་ཁང་བརྩིགས་པ་ཚོས་དམར་པོས་བརྒྱན་ཡོད་ལ། གྱང་ངོས་སུ་སྟག་དཀར་པོ་ཞིག་བྲིས་འདུག དེ་གར་སྦ་བ་རྣམས་ནི་མི་ཆེད་དང་གཡུལ་དུ་དཔའ་བ་རྣམས་ཀྱི་གདུང་རེད། ཁོང་རྣམས་འཚོ་བའི་སྐབས་སུ་སྟག་ལྤགས་གྱོན་ཞིང་། འདས་པའི་རྗེས་སུ་སྟག་གི་གཟུགས་བརྙན་རི་མོར་བྲིས་ཏེ་དཔའ་བོའི་རྟགས་སུ་ངོམས་པ་འདྲ། ཁོང་ཚོ་དང་མཉམ་དུ་ཤི་བའི་མི་རྣམས་ཀྱི་རོ་ཡང་བང་སོའི་ལོགས་སུ་སྦས་འདུག”ཅེས་བཀོད་འདུག《རྒྱལ་རབས་གསལ་བའི་མེ་ལོང་》ནད་གྲི་གུམ་བཙུན་པོ་ནས་ཁྲི་རལ་པ་ཅན་བར་གྱི་བང་སོ་བཀོད་ཡོད་དེ། དཔེར་ན། “ཁྲི་སྲོང་ལྡེ་བཙན་གྱི་བང་སོ་ལ། དེའི་བང་སོ་མུ་ར་རི་ལ་བརྩིགས།། གྲལ་ནི་ཡབ་ཀྱི་རྒྱབ་ངོས་གཡས་ན་ཡོད།། དེ་ནི་མ་གྲོངས་པ་ནས་ཉིད་ཀྱིས་བརྩིགས།། མིང་ནི་འཕྲུལ་རི་གཙུག་སྣང་བྱ་བར་བཏགས།། དེ་ཡི་རྩ་ན་རྡོ་རིང་ཅིག་ཀྱང་ཡོད།། བང་སོ་ཕྱི་རྒྱན་ཅན་དུ་གྲགས་པར་འགྱུར།།”ཞེས་དང་། ཁྲི་རལ་པ་ཅན་གྱི་བང་སོ་ལ། “མངའ་བདག་རལ་པ་ཅན་གྱི་བང་སོ་ནི།། དོན་མཁར་མདའ་ཡིག་གཡོན་ཟུར་དེ་རུ་བརྩིགས།། བང་སོ་དེའང་རིན་ཆེན་ནོར་གྱིས་བཀང་།། མིང་ནི་ཁྲི་སྟེང་རྨང་རི་ཟེར་རོ་སྐད།།”བཅས་བཀོད་འདུག《དེབ་ཐེར་དཀར་པོ་》ལས་“རྒྱ་ནག་གི་སྒྲོས་ལས་མཆེད་པའི་བོད་ཀྱི་ལོ་རྒྱུས་སྐད་རིགས་གཞན་དུ་བྲིས་པ་ཞིག་སྣང་བར། བོད་ཀྱི་རྒྱལ་མོ་མཚན་མི་གསལ་བ་ཞིག……གྲོངས་པའི་ཚེ་ཤ་རུས་རྣམས་གསེར་ཕྱེ་དང་མཉམ་དུ་བསྲེས་ནས། ལྕགས་སྣོད་དུ་བཅུག་སྟེ་ས་ལ་སྦ”ཞེས་པ་དང་། 《སྦ་བཞེད་》དུ་ཡང་“གསལ་སྣང་གི་བུ་མོ་ཤི་བའི་རོ་རྫའི་ནང་དུ་བཅུག་ནས་མའི་མལ་འོག་ཏུ་སྦས”སོགས་བྱུང་བ་ལས། བཙན་པོའི་དུས་སུ་བོད་རིགས་ཀྱིས་དུར་སྦས་བྱེད་པ་ཁ་ཚོན་གཅོད་ནུས་སོ། དེས་ན་བྱ་གཏོར་གྱི་ལམ་ལུགས་འདི་དུས་ནམ་ཞིག་ལ་བོད་རིགས་ཀྱི་ཁྲོད་དུ་དར་ཁྱབ་ཏུ་སོང་ངམ་ཟེར་ན། དེ་ལ་བོད་རིགས་ཀྱི་མཁས་པ་འགའ་ཞིག་གི་བཞེད་པར། བྱ་གཏོར་ནི་ཞི་བྱེད་གྲུབ་མཐའ་དར་བའི་དུས་དེར་བྱུང་བ་ཞིག་ཡིན་ལ། ཞི་བྱེད་ཀྱི་གྲུབ་མཐའ་ནི་དུས་རབས་བཅུ་གཅིག་པའི་ནང་བོད་ཁུལ་དུ་དར་བའི་ནང་བསྟན་གྱི་གྲུབ་མཐའ་ཞིག་ཡིན་པ་དང་དང་དེའི་སྲོལ་འབྱེད་མཁན་ནི་རྒྱ་གར་གྱི་བཙུན་པ་ཕ་དམ་པ་སངས་རྒྱས་﹙?---༡༡༡༧﹚ཡིན། གྲུབ་མཐའ་འདིའི་སྒྲིབ་སྦྱོང་བྱེད་པའི་ཁྱད་ཆོས་གཙོ་བོ་ནི་ཆོས་དད་པ་རྣམས་ས་སྟོང་ནགས་ཁྲོད་དང་དུར་ཁྲོད་སོགས་མི་མེད་དབེན་གནས་སུ་སོང་ནས་སྒོམ་རྒྱག་པ་ཡིན་ལ། ཁོང་ཚོས་མི་ལུས་དོར་བའི་སྙིང་སྟོབས་ཀྱི་རྣམ་པ་ཞིག་དར་སྤེལ་གཏོང་བཞིན་ཡོད། གྲུབ་མཐའ་འདིའི་ཆོས་དད་པ་ཚོས་ངན་ངོན་བབ་ཆགས་ཀྱི་ཆོས་ལུགས་འཚོ་བར་རོལ་བཞིན་ཡོད་པས། སྤྱི་ཚོགས་ཀྱི་སྟེང་དུ་དེའི་སྟོབས་ཤུགས་མེད་པས་དུས་རབས་༡༤--༡༥བར་རིམ་བཞིན་ཉམས་རྒུད་དུ་གྱུར་མོད། ཁོང་ཚོས་གསར་གཏོད་བྱས་པའི་སྒྲིབ་སྦྱོང་བྱེད་ཚུལ་གྱི་ཐབས་དེ་གྲུབ་མཐའ་གཞན་གྱིས་བསྡུ་ལེན་བྱས་པས་ཁྱབ་གདལ་དུ་སོང་ལ། སྐབས་དེ་ནས་ད་བར་དུ་ལོ་ངོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཡོད། ཅིའི་ཕྱིར་བྱ་གཏོར་གྱི་ཆོ་ག་འདི་ཡུན་རིང་དུ་དར་སྤེལ་བྱེད་ཐུབ་པ་རེད་ཅེ་ན། དེ་ནི་ཆོས་ལུགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་དམ་ཟབ་ཡོད་དེ། ནང་བསྟན་གྱི་དགེ་བ་བཅུའི་ནང་གི་དང་པོ་ནི་སྲོག་མི་གཅོད་པ་ཡིན་ལ། མི་ཚེ་ལས་འདས་རྗེས་བེམ་པོ་རྒོད་ལ་སྦྱིན་པ་ནི་﹙བྱ་རྒོད་ཀྱིས་གཞན་གྱི་སྲོག་མི་གཅོད་﹚ནང་བསྟན་གྱི་ཆོས་ཁྲིམས་དང་མཐུན་པ་ཞིག་ཡིན། གཞན་ཡང་། ནང་བསྟན་གྱི་གྲུབ་མཐའ་འགའ་ཞིག་གི་ལྟ་བར། རྣམ་ཤེས་ནི་མགྲོན་པོ་དང་ལུས་ཕུང་ནི་མགྲོན་ཁང་ལྟ་བུ་ཡིན་པས་ཁོང་ཚོའི་བཞེད་དགོངས་ནི་ལུས་དོར་ནས་འཚང་རྒྱ་བ་དེ་ཡིན་ལ། སངས་རྒྱས་ཀྱི་གསུང་རབས་ནང་དུའང་《སྟག་མོ་ལུས་སྦྱིན་》དང་རང་ལུས་བྱ་ལ་སྦྱིན་པ་སོགས་ཀྱི་གཏམ་རྒྱུད་ཡོད་པས། བྱ་གཏོར་གྱི་བསམ་བློའི་གཞི་རྩའི་འབྱུང་ཁུངས་དང་ནང་བསྟན་གྱི་བསམ་བློའི་དབར་འབྲེལ་བ་ངེས་ཅན་ཞིག་ཡོད་དོ།
 
           དེས་ན་གང་འདྲ་ཞིག་ལ་བྱ་གཏོར་དང་དེ་ལ་ནང་དོན་གང་དག་ཡོད་ཟེར་ན། དེར་ཆེས་སླ་བའི་སྒོ་ནས་གསལ་བཤད་བྱས་ན་འདི་ལྟ་སྟེ། སྤྱིར་བཏང་དུ་བོད་རིགས་ཀྱི་མི་རྣམས་ཚེ་ལས་འདས་རྗེས། བེམ་པོ་ཁྱིམ་ན་ཉིན་༣---༥བར་འཇོག་པ་དང་དེ་ནས་བླ་མ་སོགས་ཁྱིམ་དུ་གདན་དྲངས་ཏེ། ཚེ་འདས་བསྔོ་སྨོན་གསུངས་པ་དང་སྤུར་སྦྱོང་གི་གཟའ་སྐར་བཟང་པོ་ཞིག་བདམས་རྗེས་བེམ་པོ་དུར་ཁྲོད་དུ་སྐྱེལ་བ་དང་། ཕུང་པོ་བྱ་གཏོར་བྱེད་སྐབས་བོད་ཀྱི་ས་ཆ་མང་ཆེ་བར་ཐོག་མར་བསང་ཕུད་ནས་ལྷ་ལ་མཆོད་འབུལ་བྱེད་པ་དང་། དེ་ནས་ཆོས་ལུགས་མི་སྣའམ་ཡང་ན་ཉམས་མྱོང་ཅན་གྱི་རྒན་པ་ཞིག་གིས་བེམ་པོའི་རྒྱབ་ལོགས་སུ་གྲིའི་རྨ་ཁ་ཞིག་བཏོད་རྗེས། ཅུང་ཐག་རིང་བའི་སར་སོང་ནས་བྱ་འབབ་པར་སྒུག་དགོས་པ་དང་། སྐབས་དེར་བྱ་རྒོད་ཀྱི་ཁྱུ་ཚོགས་མཁའ་ལས་མར་བབས་ནས་བེམ་པོའི་ཤ་དང་དོན་ལྔ་སྣོད་དྲུག་སོགས་གཙང་མ་བཟས་རྗེས། དུར་ཁྲོད་ཀྱི་གཉེར་བས་སྟ་རེ་ཞིག་གིས་རུས་པ་རྣམས་དུམ་བུར་བྱས་ཏེ་བྱ་རྒོད་ལ་སྟེར་བ་དེར་བྱ་གཏོར་ཟེར། འོན་ཀྱང་། བྱ་གཏོར་ལག་བསྟར་བྱེད་པའི་ས་ཁུལ་དུའང་གོམས་སྲོལ་མི་འདྲ་བ་ཡོད་དེ། ས་ཁུལ་འགའ་ཞིག་ཏུ་བྱིས་པ་ཤི་ཚེ་བྱ་གཏོར་མི་བྱེད་ལ། འགོས་ནད་ཀྱིས་ཤི་བའི་མིའང་བྱ་གཏོར་མི་བྱེད་པར་སྤུར་བཞུ་བའམ་ཡང་ན་ཅུང་གཏིང་ཟབ་སར་དུར་སྦས་གཏོང་ཞིང་། བླ་མ་དང་སྤྲུལ་སྐུ་ལའང་བྱ་གཏོར་ལག་བསྟར་མི་བྱེད་པར་གདུང་བཞུ་བའམ་ཡང་ན་སྐུ་གདུང་རྟེན་དུ་བྱེད་པ་ཡིན། གོམས་སྲོལ་འདི་དག་ཀྱང་ས་ཁུལ་དག་གི་གནས་ཚུལ་མི་འདྲ་བར་བརྟེན་ནས་རིགས་མི་གཅིག་པ་མང་ངོ་།
 
                                                                         གཉིས་པ།
 
           བྱ་གཏོར་ནི་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་འདྲིས་ཤིག་ཡིན་རྐྱེན། ལོ་བརྒྱ་ཕྲག་མང་པོ་ཁྱབ་གདལ་དུ་སོང་བ་དང། ད་དུང་མ་འོངས་པའི་ལོ་རྒྱུས་ཀྱི་དུས་རབས་མང་པོའི་ནང་དུའང་ཁྱབ་གདལ་དུ་འགྲོ་སྲིད་པ་རེད། དེར་བརྟེན། ང་ཚོས་བྱ་གཏོར་གྱི་གོམས་སྲོལ་འདིར་དབྱེ་ཞིབ་བྱས་ཏེ། མིག་སྔར་སྤྱི་ཚོགས་སྟེང་དུ་གནས་པའི་དེའི་ཕྱོགས་ཀྱི་མགོ་རྨོངས་པའི་ཆ་དང་སྐྱོན་ཆར་ངོས་འཛིན་དང་། སྐྱེ་བོ་ཁ་ཅིག་གིས་དོན་དངོས་ལ་འཁྱོག་བཤད་བྱེད་པའི་བརྗོད་སྟངས་ལ་སྒྱུར་བཅོས་བྱེད་དགོས་པ་རེད། དེ་ལྟར་བྱས་ན་ཏང་གི་མི་རིགས་སྲིད་ཇུས་ལག་ལེན་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་། བོད་རིགས་དང་མི་རིགས་སོ་སོའི་མི་དམངས་བར་གྱི་མཛའ་བརྩེའི་མཐུན་སྒྲིལ་གཏིང་ཇེ་ཟབ་ཏུ་གཏོང་བ་སོགས་ལ་བཟང་ཆ་ཆེན་པོ་ལྡན་ཡོད།
 
           མིག་སྔར་སྤྱི་ཚོགས་ནང་དུ་མི་འགའ་ཞིག་གིས་བྱ་གཏོར་ཞེས་པ་ནི་“བེམ་པོ་གླག་ལ་ཟ་རུ་བཅུག་པ་”དང་“བེན་པོ་ཁྭ་ཏ་དང་གོ་བོར་ཟ་རུ་བཅུག་པ་”སོགས་ཀྱི་བཤད་ཚུལ་མཆིས་ལ། འདི་དག་དཔེ་ཆའི་ནང་དུ་བཀོད་པའམ་ཡང་ན་བཤད་རྒྱུན་སོགས་གང་ཡིན་ཡང་ནོར་འཁྲུལ་ཅན་གྱི་ལྟ་བ་ཡིན་ལ། དེ་ནི་བྱ་གཏོར་གྱི་གོ་དོན་གསལ་པོ་མ་རྟོགས་པའི་སྐྱོན་རེད། དོན་དངོས་ཐོག་དུར་ཁྲོད་དུ་བེམ་པོ་ཟ་བའི་བྱ་རིགས་དེ་ནི་གླག་མིན་ལ་ཁྭ་ཏ་དང་གོ་བོའང་མིན་པར། དེའི་མིང་ལ་རྒོད་ཟེར་གྱིན་ཡོད། བྱ་རིགས་དེ་ལས་སྤུ་མདོག་དཀར་པོ་ཅན་ལ་ཐང་དཀར་དང་སྤུ་མདོག་ཁམ་ནག་ལ་ཐང་ནག་ཏུ་འབོད། སྨྱུག་ཐོགས་པ་ང་རང་ཐེངས་མང་པོ་ཞིག་བྱ་རྒོད་འཚོ་གནས་བྱེད་པའི་གྲོག་རོང་གཡང་གཟར་གྱི་ཁྲོད་དུ་རྟོག་དཔྱོད་དང་བྱ་རྒོད་ཀྱི་འཚོ་བའི་ཆོས་ཉིད་ལ་ཞིབ་འཇུག བྱ་རྒོད་གནས་པའི་ས་གནས་སུ་འཚོ་སྡོད་བྱེད་པའི་རྒན་རབས་པ་རྣམས་ལ་བཀའ་འདྲི་ཞུས་པ་ལས། བྱ་རྒོད་ལ་འདི་འདྲའི་ཁྱད་ཆོད་གཙོ་བོ་གཉིས་ཡོད་དེ། གཅིག བྱ་རྒོད་ནི་ཁྱུ་དང་ཁྱུ་བྱས་ཏེ་འཚོ་སྡོད་བྱེད་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་ལ། དེ་ཕལ་ཆེར་ཁེར་རྐྱང་དུ་འགྲོ་མི་སྲིད་པ་ཞིག་རེད། ཉིན་ལྟར་ཞོགས་པ་སྔ་མོར། བྱ་རྒོད་ཀྱི་ཚོགས་གཅིག་རྗེས་གཉིས་མཐུད་ཀྱིས་བྲག་རི་མཐོན་པོའི་རྩེ་ནས་ནམ་མཁའི་དབྱིངས་སུ་འཕུར་ལ། ས་སྲོད་ཀྱི་དུས་སུ་ཕྱིར་བྲག་སྟེང་དུ་འབབ་ངེས། ཉིན་མོར་ས་གང་ཞིག་ན་སྲོག་ཆགས་ཤི་བའི་བེམ་པོ་ཡོད་པ་ཐོག་མར་ཁྭ་ཏས་རྙེད་ལ། ཁྭ་ཏས་ནམ་མཁའི་དབྱིངས་སུ་ལྡིང་སྐོར་བྱེད་བཞིན་པའི་བྱ་རྒོད་ལ་བརྡ་གཏོང་ཞིང་། བྱ་རྒོད་ཀྱི་ཁྱུ་ཚོགས་ཕྱོགས་བཞི་མཚམས་བརྒྱད་ནས་མར་བབས་ཏེ་བེམ་པོ་གཙང་མར་བཟས་རྗེས་ཕྱིར་མཁའ་དབྱིངས་སུ་འཕུར་འགྲོ་བ་རེད། གཉིས། བྱ་རྒོད་ནི་གླག་དང་གོ་བ་གཉིས་དང་མི་འདྲ་སྟེ། རྒོད་ཀྱིས་སྲོག་ཆགས་ཤི་བའི་བེམ་པོ་བཟས་ནས་འཚོ་བ་ལས་གསོན་པོར་གནས་པའི་ཚེ་སྲོག་ལ་གནོད་འཚེ་གཏོང་མི་སྲིད། བོད་ཀྱི་ཁ་དཔེར་“རྒོད་ཀྱིས་གསོན་པོའི་ཤ་མི་ཟ།། གླག་གིས་ཤི་བའི་རོ་མི་ཟ།། ”ཞེས་པ་ཡང་འདིའི་ཁྱད་ཆོས་གསལ་བཤད་བྱས། འོན་ཀྱང་། ཚིག་མཛོད་ཁ་ཤས་ཀྱི་ནང་དུ་“རྒོད་དམ་གླག་ནི་གཏུམ་དྲག་ཅན་གྱི་བྱ་ཞིག་སྟེ་ར་ལུག་དང་རི་བོང་སོགས་བཟུང་ནས་ཟ་”ཞེས་པ་ནི་ནོར་འཁྲུལ་ཞིག་རེད། བྱ་རྒོད་ཀྱིས་འཚོལ་བའི་ཟས་ནི་ནད་ཀྱིས་ཤི་བའམ་ལྟོགས་ནས་ཤི་བ། ཡང་ན་གཅན་གཟན་སོགས་ཀྱིས་བཟས་རྗེས་ཀྱི་བེམ་པོའི་ལྷག་མ་དང་དུར་ཁྲོད་ཀྱི་ཕུང་ཤ་སོགས་ཡིན་པས། མི་རྣམས་ཀྱིས་དེ་ལ་“ཞི་བའི་དྲང་སྲོང་”ཞེས་བསྔགས་བརྗོད་བྱ་བ་ཡིན། གོང་གི་ཁྱད་ཆོས་དེ་དག་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི་བྱ་རྒོད་ནི་མིའི་རིགས་ཀྱི་མཛའ་མཐུན་གྱི་གྲོགས་པོ་ཡིན་པས་ང་ཚོས་དེ་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས་པ་དེའོ། བྱ་རྒོད་དང་མཉམ་དུ་ས་གནས་གཅིག་ཏུ་འཚོ་སྡོད་བྱེད་ལ་གཤོག་པའི་སྣེ་མོ་དང་མགོ་བོ་ལས་གཞན་པའི་གཟུགས་དབྱིབས་ཟད་ཧ་ལམ་ཁྱད་པར་གང་ཡང་མེད་པའི་བྱ་རིགས་དེ་ནི་བོད་རིགས་ཀྱི་བཤད་པའི་“གོ་བོ”ཟེར་བ་དེ་རེད། བྱ་རིགས་འདི་ནི་ཁེར་རྐྱང་དུ་འགུལ་སྐྱོད་བྱེད་པ་དང་སྐབས་འགར་བྱ་གཉིས་སམ་གསུམ་གྱིས་ཟས་འཕྲོག་རེས་བྱེད་པའང་ཡོད། བྱ་རིགས་འདི་དག་ནི་ནམ་རྒྱུན་དུ་རི་རྩེ་དང་གྲོག་རོང་གི་ཁྲོད་དུ་འཕུར་ལྡིང་བྱེད་བཞིན་ཟས་འཚོལ་ལ། དེ་ཚོས་ཀྱང་གསོན་པོའི་ཚེ་སྲོག་ལ་གནོད་འཚེ་གཏོང་མི་སྲིད། གོ་བོའི་ཆེས་ཆེ་བའི་ནུས་པ་ནི་རུས་པ་ཟ་རྒྱུད་དེ་ཡིན། དེར་རུས་པ་ཟ་བར་ཁྱད་འཕགས་ཀྱི་བྱེད་ཐབས་ཤིག་ཡོད་དེ། ལྡིང་སྐོར་བྱེད་པའི་ཁྲོད་དུ་ས་ཐོག་གི་རུས་པ་མཐོང་ཚེ་མར་བབས་ནས་རུས་པ་ཁ་རུ་བཟུང་རྗེས་ཕྱིར་འཕུར་ལ། མཁའ་དབྱིངས་ནས་རུས་པ་སའི་ཐོག་གི་རྡོའི་སྟེང་དུ་མར་འཕངས་ནས་དུམ་བུར་བྱས་རྗེས་མར་བབས་ནས་གཙང་མར་ཟ་བ་ཡིན། ད་དུང་བྱ་གཞན་ཞིག་ཡོད་པ་ནི་མི་རྣམས་ཀྱིས་རྒྱུན་དུ་གླེང་བཞིན་པའི་བྱ་གླག་ཟེར་བ་དེ་རེད། དེའི་གཟུགས་དབྱིབས་ནི་བྱ་རྒོད་ལས་ཅུང་ཆུང་ལ་གཤོག་ཟུང་གི་སྣེ་མོ་ཡར་འཁྱིལ་ནས་ཡོད་པ་ཞིག་རེད། བྱ་གླག་ལ་རི་སྐྱེས་སྲོག་ཆགས་བཟུང་རྒྱུའི་ནུས་པ་ཁྱད་པར་ཅན་ཞིག་ལྡན་ལ། ནམ་རྒྱུན་ཁྱིམ་ཚང་གིས་འཚོ་སྐྱོང་བྱེད་པའི་ར་ལུག་དང་བྱ་ཕོ་སོགས་ལའང་གནོད་པ་གཏོང་ངེས། བྱ་གླག་གིས་ཤི་བའི་བེམ་པོ་གཏན་ནས་མི་ཟ་ལ། རང་ཉིད་ཀྱིས་བཟུང་བ་མ་གཏོགས་གཞན་གྱིས་བསད་པའི་བེམ་པོ་མི་ཟ་བའོ། གཞན་ད་དུང་བྱ་གླག་ལས་ཆུང་བའི་བྱ་རིགས་འགའ་ཡོད་མོད། འདིར་འབྲེལ་བ་མེད་པས་རྒྱས་སྤྲོས་མ་བྱས་སོ། ཁོ་བོས་འདིར་བྱ་རིགས་དེ་དག་སྐོར་མཚམས་སྦྱོར་བྱེད་པའི་དམིགས་ཡུལ་ནི་འདས་སོང་གི་དུས་ནང་སྤྱི་ཚོགས་ཀྱི་ཁྲོད་དུ་ཁྱབ་པའི་འཁྱོག་བཤད་ཀྱི་ཆ་དང་རྩོམ་ཡིག་གི་ནང་དུ་བྲིས་ཡོད་པའི་ནོར་འཁྲུལ་གྱི་ལྟ་ཚུལ་དེ་དག་ལ་འགྱུར་ལྡོག་ཡོང་རེའི་ཆེད་དུ་ཡིན། དཔེར་ན། “བོད་རིགས་ཀྱིས་མི་ཤི་རྗེས་རོ་བྱ་གླག་ལ་ཟ་རུ་འཇུག་པ་ཡིན།”“བྱ་གླག་ནི་བོད་ཀྱི་ལྷ་ཡིན་པས་དེ་ལ་གནོད་པ་བྱེད་མི་རུང་”སོགས་དོན་དངོས་དང་མི་མཐུན་པའི་འཁྱོག་བཤད་དེ་དག་གིས་སྤྱི་ཚོགས་ཀྱི་སྟེང་དུ་ཤུགས་རྐྱེན་ངན་པ་ཞིག་ཐོན་ཡོད་ལ་དེ་ནི་བོད་རིགས་དམངས་ཚོགས་ཀྱི་འདོད་བློ་དང་ཡང་མི་འཚམས་པ་ཞིག་གོ དོན་དངོས་ཐོག་སྤྱང་ཀི་དང་བྱ་གླག་ནི་མཐོ་སྒང་གི་ཆེས་སྡུག་རྩུབ་ཅན་གྱི་དགྲ་བོ་ཡིན་ལ། བྱ་རྒོད་ནི་བོད་རིགས་མི་དམངས་ཀྱི་ཆེས་དགའ་ཞེན་ཆེ་བ་དང་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཡིན། གཞན་ཡང་། བྱ་གཏོར་གྱི་ལམ་སྲོལ་དར་བ་ནི་ཆོས་ལུགས་དང་འབྲེལ་བ་ལྡན་ལ། དེ་ནི་ད་ལྟ་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སུ་གྱུར་ཡོད་པས། ང་ཚོས་ངེས་པར་དུ་དེ་ལ་བརྩི་འཇོག་བྱེད་དགོས། ང་ཚོས་ཤེས་གསལ་ལྟར་གྲངས་ཉུང་མི་རིགས་ཀྱི་གོམས་སྲོལ་ནི་ཆེས་རྙོག་འཛིང་ལྡན་པའི་གནད་དོན་ཞིག་ཡིན་པ་དང་། བཅིངས་འགྲོལ་མ་བཏང་གོང་ལ་ལོག་སྤྱོད་དབང་སྒྱུར་གྲལ་རིམ་གྱིས་དེ་ལ་མཐོང་ཆུང་དང་དམའ་འབེབས་བྱས་པས། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་བསམ་བློའི་ནང་བརྗེད་དཀའ་བའི་ཤུགས་རྐྱེན་བཟོས་ཡོད་ལ། དེ་མི་རིགས་གནད་དོན་གྱི་ནང་ནས་ཆེས་རྣོ་ངར་ཅན་གྱི་གནད་དོན་ཞིག་ཏུའང་གྱུར་མྱོང་ཡོད། དེ་བཞིན་ལོ་འགའི་སྔོན་ལ་གཡོན་ཐལ་བསམ་བློའི་རླབས་རྒྱུན་གྱི་ཤུགས་རྐྱེན་འོག བོད་ཀྱི་ས་ཁུལ་ཁ་ཤས་སུ་མི་འདས་རྗེས་བྱ་གཏོར་བྱེད་དུ་མི་འཇུག་པར་བཙན་གནོན་གྱིས་དུར་སྦས་བྱེད་དུ་བཅུག་པས། བོད་རིགས་མང་ཚོགས་ཀྱི་ཁྲོད་དུ་བག་ཆགས་ངན་པ་བཟོས་ཡོད་ལ། མི་ལ་ལས་བྱ་གཏོར་ནི་“དམུ་རྒོད་ཀྱི་ལས་ཀ”དང་“བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་”ཅེས་ཟེར་གྱིན་ཡོད་ལ། ཡང་འགའ་ཞིག་གིས་བྱ་གཏོར་ལ་བརྙས་སྨོད་ཀྱིས་“ཁྲག་དམར་ཙ་རེ་བ་ཞིག་རེད”ཅེས་བརྗོད་ཀྱི་ཡོད། གོང་གི་བཤད་རྒྱུད་འདི་རིགས་ནི་ནོར་འཁྲུལ་གྱི་ལྟ་ཚུལ་ཞིག་ཡིན་པ་དང་། མི་རིགས་མཐུན་སྒྲིལ་དང་མི་རིགས་འདྲ་མཉམ་ལ་གནོད་པ་ཞིག་ཡིན། རྒྱུ་མཚན་ནི་སྤུར་བཞུས་པའི་དམིགས་ཡུལ་ནི་རིམས་ནད་འགོས་པར་སྔོན་འགོག་བྱེད་པ་དང་། གཙང་མར་བྱེད་པ། དུར་ས་མི་བཟོ་བ། ཞིང་ས་བེད་སྤྱོད་མི་བྱེད་པ། དཔལ་འབྱོར་ཆུད་ཟོས་སུ་མི་གཏོང་བ་བཅས་ཡིན་ལ། དོན་དངོས་ཐོག་བྱ་གཏོར་ཡང་གོང་གི་དམིགས་ཡུལ་དང་མཐུན་པའི་ཁྱད་ཆོས་ལྡན་པ་ཞིག་རེད། བརྩེ་དུང་གི་གནད་དོན་དང་ཀུན་སྤྱོད་ཀྱི་འདུ་ཤེས་ཟེར་བ་དེ་གླེང་བར། མི་རིགས་རང་ཉིད་ཀྱི་འདུ་ཤེས་གཙོ་བོར་བྱེད་རྒྱུ་ལས། གཞན་རིགས་ཀྱི་བརྩེ་དུང་དང་ཀུན་སྤྱོད་ཀྱི་འདུ་ཤེས་ཟེར་བ་དེ་གླེང་བར། མི་རིགས་རང་ཉིད་ཀྱི་འདུ་ཤེས་གཙོ་བོར་བྱེད་རྒྱུ་ལས། གཞན་རིགས་ཀྱི་བརྩེ་དུང་དང་ཀུན་སྤྱོད་ཀྱི་འདུ་ཤེས་དེ་ཁོ་ཚོར་བཙན་གྱིས་དང་ལེན་བྱེད་དུ་བཅུག་པ་ནི་རྩོད་སྒྲུབ་དངོས་གཙོ་སྨྲ་བ་དང་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་དང་མཐུན་པ་ཞིག་མ་ཡིན། གསར་བརྗེའི་སྔོན་གཤེགས་དཔའ་བོ་བློ་མཐུན་ཞན་ཧྥུ་ཞ་﹙宣父侠﹚ཡིས་༡༩༢༦ལོར་བླ་བྲང་ཁུལ་དུ་བྱ་གཏོར་བྱེད་པའི་ཚུལ་དེ་མཐོང་ནས་“ཡུལ་སྲོལ་གོམས་གཤིས་འདིས་ང་ལ་སྤྲོ་བ་མི་ཉུང་བ་ཞིག་སྐྱེས་སུ་བཅུག་སོང་། ངའི་བསམ་པར་གལ་ཏེ་ནང་ལོག་གི་མི་ཞིག་ལ་འདི་འདྲའི་སྦུར་སྦྱོང་གི་རྣམ་པ་ཞིག་ལག་བསྟར་བྱས་ན། ཕལ་ཆེར་ལོག་ཆོས་དེ་དག་མེད་པར་བཟོ་ནུས”ཞེས་གསུངས་ཡོད། ཁོང་གིས་བྱ་གཏོར་ལམ་སྲོལ་ལ་བཟུང་བའི་ལྟ་ཚུལ་ནི་ཇི་འདྲའི་ཕྱི་རོལ་ཡུལ་གྱི་དོན་དངོས་དང་མཐུན་པ་ཞིག་རེད་ཨང་། ཕྱི་རོལ་ཡུལ་གྱི་དོན་དངོས་དང་བསྟུན་ནས་ཕྱོགས་ཞེན་མེད་པའི་སྒོ་ནས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ལྟ་སྟངས་འཛིན་པ་དང་གྲངས་ཉུང་མི་རིགས་ཀྱི་གོམས་སྲོལ་ལ་བརྩི་འཇོག་དང་ལྟ་རྟོག་བྱེད་པ་བཅས་ནི་ཏང་གི་སྲིད་ཇུས་གལ་ཆེན་ཞིག་ཡིན་པ་དང་ཏང་གི་འབྲེལ་ཡོད་རྩ་འཛིན་དང་མཐུན་པ་ཞིག་ཀྱང་རེད། བཀའ་ཁྲིམས་སྲིད་ཇུས་ཀྱི་ཁྲོད་དུ་གསལ་པོར་གཏན་འཁེལ་བྱས་པ་སྟེ། ང་ཚོའི་ཏང་གི་མི་རིགས་བྱ་བའི་ཉམས་མྱོང་དང་བསླབ་བྱས་གསལ་བཤད་བྱས་ཡོད་པ་ནི་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པ་དེ་འཚོ་བའི་ཁྲོད་ཀྱི་འབྲེལ་བ་མེད་པའི་དོན་ཆུང་ཞིག་མིན་པར་དེ་ནི་ཏང་གི་མི་རིགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ལོ་རྒྱུས་སྟེང་གི་མི་རིགས་བར་གྱི་འགལ་བ་མེད་པར་བཟོ་བ། རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་རྣམས་མཐུན་སྒྲིལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱེད་པའི་དོན་ཆེན་ཞིག་རེད། ང་ཚོས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་དགོས་སྐོར་གླེང་སྐབས། གཙོ་བོ་ནི་རྒྱ་རིགས་ཀྱི་ལས་བྱེད་མི་སྣ་དག་གིས་ངེས་པར་དུ་འདྲ་མཉམ་གྱི་སྒོ་ནས་གྲངས་ཉུང་མི་རིགས་ལ་ལྟ་སྟངས་འཛིན་དགོས་པ་ལས། མི་རིགས་ཀྱི་གོམས་སྲོལ་མི་གཅིག་པ་རྒྱུ་མཚན་དུ་བྱས་ནས་ཁྲེལ་དགོད་དང་བརྙས་སྨོད་བྱེད་མི་རུང་ལ། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་གང་འདོད་ལྟར་དཔྱད་འཇོག་མི་བྱེད་པ་དང་། ལྷག་པར་དུ་དེའི་ཕྱོགས་ལ་འཁྱོག་བཤད་སོགས་བྱེད་མི་རུང་ངོ།
 
           གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་བཅོས་སྒྱུར་བྱེད་རྒྱུའི་གནད་དོན་གླེང་བར། མི་རིགས་གང་གི་ཡུལ་སྲོལ་གོམས་གཤིས་ཡིན་ཡང་འགྱུར་དུ་མེད་པ་ཞིག་མ་ཡིན་ཏེ། བློ་མཐུན་སི་ཏ་ལིན་གྱིས་“འཇིག་རྟེན་སྟེང་དུ་ནམ་ཡང་མི་འགྱུར་བའི་དངོས་པོ་ཅི་ཡང་མེད། འཇིག་རྟེན་གྱི་ཡོད་ཚད་གནས་སྐབས་ཙམ་ལ་འཕོ་འགྱུར་བྱུང་བ་ཞིག་ཡིན། རང་བྱུང་ཁམས་འགྱུར་ལྡོག་འབྱུང་ལ། སྤྱི་ཚོགས་ལའང་འགྱུར་ལྡོག་འབྱུང་། ཡུལ་སྲོལ་གོམས་གཤིས་ལའང་འགྱུར་ལྡོག་འབྱུང་ངོ་།།”ཞེས་གསུངས་ཡོད། སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་དངོས་པོའི་འཚོ་བར་འགྱུར་ལྡོག་འབྱུང་ལ་ཡུལ་སྲོལ་གོམས་གཤིས་ཀྱང་མི་མཐུད་དུ་འགྱུར་ལྡོག་འབྱུང་ངེས། འདི་ནི་མིས་བཙན་གནོད་བྱས་པ་ཞིག་མ་ཡིན་པར་རང་བྱུང་གི་འགྱུར་བ་ཞིག་ཡིན། འོན་ཀྱང་མི་རིགས་སོ་སོའི་ཡུལ་སྲོལ་གོམས་གཤིས་ནི་སྣ་མང་ཅན་དང་རྙོག་འཛིང་ལྡན་པ་ཞིག་ཡིན་ལ། དེ་དག་ལས་གང་དག་བཅོས་སྒྱུར་བྱེད་དགོས་པ་དང་གང་ཞིག་རྒྱུན་འཁྱོངས་བྱེད་དགོས་པ་ནི་ལས་སླ་པོས་ཐག་གཅོད་བྱེད་ཐུབ་པ་ཞིག་མིན། ཐོག་མར་མི་རིགས་རང་གིས་ཡུལ་སྲོལ་གོམས་གཤིས་གང་ཞིག་བཅོས་སྒྱུར་དང་། གང་ཞིག་རྒྱུན་འཁྱོངས་བྱེད་པའི་ཕྱོགས་ལ་འཐད་པ་བྱུང་བའི་སྔོན་འགྲོའི་ཆ་རྐྱེན་འོག མི་རིགས་ས་ཁུལ་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་དང་མར་ལེ་རིང་ལུགས་ཀྱི་ལྟ་བ་སྤྱད་ནས་ནན་ཏན་གྱིས་དབྱེ་ཞིབ་བྱས་ཏེ། ཡུལ་སྲོལ་གོམས་གཤིས་གང་ཞིག་གྲངས་ཉུང་མི་རིགས་ས་ཁུལ་གྱི་གསར་བརྗེ་དང་འཛུགས་སྐྲུན་ལ་ཕན་རླབས་ཆེ་བ་དང་། གང་ཞིག་ཡར་རྒྱས་དང་གོང་འཕེལ་ལ་ཕན་ཁ་མེད་པ་སོགས་གསལ་པོར་ཤེས་དགོས་ལ། འདི་ལྟར་བྱས་ཚེ་གོམས་སྲོལ་གང་ཞིག་བཅོལ་སྒྱུར་དང་གང་ཞིག་རྒྱུན་འཁྱོངས་བྱེད་དགོས་པའི་བསམ་འཆར་བཏོན་ཆོག གལ་ཏེ་བཅོས་སྒྱུར་བྱེད་དགོས་ནའང་ཐོག་མར་དེའི་གནས་ལུགས་གསལ་པོ་ཞིག་བཤད་རྗེས། མི་རིགས་རང་གིས་རང་འཐད་ཀྱིས་བཅོས་སྒྱུར་བྱེད་པ་ཞིག་ཡིན་དགོས། བྱ་གཏོར་གྱི་ཡུལ་སྲོལ་གོམས་གཤིས་འདི་ལྟ་བུར་མཚོན་ན་ཡང། དེས་བོད་རིགས་མི་དམངས་ཀྱི་དཔལ་འབྱོར་དང་རིག་གནས་ཀྱི་འཕེལ་རྒྱས་ལ་སྐྱོན་ཆ་ཅི་ཡང་བཟོས་མེད། དེ་བཅོས་སྒྱུར་བྱེད་མིན་གྱི་སྐོར་བོད་རིགས་མང་ཚོགས་རང་ཉིད་ཀྱིས་གཏན་འཁེལ་བྱེད་ཆོག་པ་ཡིན། གྲངས་ཉུང་མི་རིགས་ས་ཁུལ་དུ་ལས་དོན་སྒྲུབ་བཞིན་པའི་རྒྱ་རིགས་ལས་བྱེད་རྣམས་ཀྱིས་དོན་འདི་རིགས་ལ་གཟབ་ནན་གྱི་རྣམ་འགྱུར་བཟུང་སྟེ། བཙན་གནོན་གྱི་བཀའ་བསྒོས་སོགས་མི་བྱེད་པར། ཅི་ནུས་ཀྱིས་དེ་ལ་ལྟ་རྟོག་དང་རྒྱབ་སྐྱོར་བྱེད་དགོས། འདི་ལྟར་བྱས་ཚེ་ད་གཟོད་ཏང་གི་མི་རིགས་སྲིད་ཇུས་དང་མཐུན་ལ། མི་རིགས་ཁག་དབར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་ཐེབས་ཐུབ། གལ་ཏེ་དེའི་ཐད་ཐག་གཅོད་འོས་འཚམས་མ་བྱུང་ན། མི་རིགས་བར་དུ་འགལ་བ་སློང་ངེས་སོ། དེས་ན་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་རྒྱུ་དེ་ནི་སྣང་ཆུང་གཏན་ནས་བྱེད་མི་རུང་བའི་གནད་དོན་ཞིག་ཡིན་ནོ།།
 
                                                                                                        འབྲུག་མོས་ཞུ་དག་བྱས།