ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཆོ་ག

རྗེ་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་མཚམས་སྦྱོར།

སྤེལ་དུས 2018-03-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཁྲི་སྐལ་བཟང་བརྩོན་འགྲུས།
          དེ་ཡང་མཚན་སྙན་གླིང་ལ་ཁྱབ་ཅིང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཆོས་སྡེ་ཆེན་པོ། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་གདན་ས་རྗེ་སྐུ་འབུམ་བྱམས་པ་གླིང་གི་སྒྱུ་རྩལ་རྣམ་གསུམ་སྟེ། མེ་ཏོག་མཆོད་པ་དང་ལྡེབས་རིས། འཚེམ་དྲུབ་གསུམ་ལ་བོད་བརྒྱུད་ནང་བསྟན་གྱི་བསམ་བློ་དང་རིག་གནས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད། ཆེས་ཕུལ་དུ་བྱུང་བའི་སྒྱུ་རྩལ་གྱི་ཉམས་འགྱུར་དང་གསར་སྐྲུན་གྱི་སྙིང་སྟོབས་སོགས་ཀྱང་ལྡན་པས། བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་གྱི་ནོར་བུའི་བང་མཛོད་ཁྲོད་དུ་མཚར་སྡུག་འོད་སྟོང་ལྡན་པའི་རིག་གནས་ཤིག་ཏུ་གྲུབ་ཡོད། ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་སྒྱུ་རྩལ་རྣམ་གསུམ་འདི་ནི་བོད་བརྒྱུད་ནང་བསྟན་པའི་གཟི་བརྗིད་དང་བླ་ན་མེད་པའི་རིག་གནས་ཀྱི་སྒྱུ་རྩལ་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་ངོམ་ཆོག་ཆོག་གི་བོད་ཀྱི་རིག་གནས་ཤིག་ཀྱང་ཡིན་པ་སྨོས་མེད་ལགས། འདིར་སྐུ་འབུམ་བྱམས་པ་གླིང་གི་སྒྱུ་རྩལ་རྣམ་གསུམ་གྱི་ཡ་གྱལ་མར་བཟོས་མེ་ཏོག་མཆོད་པའི་ལོ་རྒྱུས་དང་འབྲེལ་ཏེ་བོད་ས་ཁྱི་ལོའི་མེ་ཏོག་མཆོད་པ་མཚམས་སྦྱོར་མདོར་བསྡུས་ཙམ་བྱའོ། །

༡ བོད་གངས་ཅན་ཡུལ་དུ་མེ་ཏོག་མཆོད་པ་དར་ཚུལ། 
          དེ་ཡང་མར་བཟོས་མེ་ཏོག་མཆོད་པ་ནི་ཐོག་མར་རང་རེའི་བོད་གངས་ཅན་པའི་ལྗོངས་འདིར།  བོད་བཙན་པོའི་རྒྱལ་རབས་སོ་གསུམ་པ་ཆོས་རྗེ་སྲོང་བཙན་སྐབས་སུ་ནང་ཆོས་དར་བ་ནས།  ནང་བའི་སྲོལ་དུ་དཀོན་མཆོག་ལ་མཆོད་པའི་ཡོ་བྱད་ཅི་འཛོམས་ཀྱིས་ལྷ་བཤོས་སོགས་ཕུལ་ཏེ།  སྟེང་དུ་མར་བཟོས་ཕྲ་ཚོམ་གྱི་མེ་ཏོག་བཞེངས་ནས་འབུལ་བའི་སྲོལ་གྱི་ཐོག་མའི་རྨང་གཞིའི་སྟེང་ནས་རིམ་གྱིས་དར་རྒྱས་སུ་སོང་བ་ཡིན་ཞེས་ལོ་རྒྱུས་སྨྲ་བ་དག་ནས་བཞེད།  ཕྱིས་སུ་བོད་རབ་བྱུང་བདུན་པའི་ས་གླང་སྟེ་ཕྱི་ལོ༡༤༠༩ལོར་༧འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཤར་ཙོང་ཁ་པ་མཆོག་གིས་ལྷ་སའི་སྨོན་ལམ་ཆེན་མོ་གསར་འཛུགས་གནང་རྗེས་ཀྱི་མཚན་མོ་ཞིག་ལ།  རྗེ་ཉིད་ཀྱི་རྨི་ལམ་དུ་ས་གཞིའི་སྟེང་གི་རྩྭ་དང་རྩི་ཤིང་དང་།  རྡོ་དང་ནགས་ཚལ་ལ་སོགས་ཐམས་ཅད་མེ་ཏོག་དང་སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་ཀྱི་རྣམ་པར་གྱུར་བའི་རྨི་ལམ་ངོ་མཚར་བ་ཞིག་རྨིས།  ཕྱི་ཉིན་རྗེ་ཉིད་ཀྱིས་འཁོར་རྣམས་ལ་མཚན་གྱི་རྨི་ལམ་དུ་བྱུང་བ་ཇི་བཞིན་གསོལ་མར་གྱིས་བཟོ་བར་བསྐུལ་ཏེ་བཞེངས་དུས།  མཚན་གྱི་རྨི་ལམ་ཇི་ལྟ་བ་བཞིན་ལེགས་འགྲུབ་བྱུང་།  དེ་ནས་བཟུང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་ཆེན་པོའི་དུས་ཆེན་ཏེ་བོད་ཟླ་དང་པོའི་ཚེས་བཅོ་ལྔའི་དགོང་མོར།  ལྷ་ལྡན་གཙུག་ལག་ཁང་དུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མར་བཟོས་མེ་ཏོག་མཆོད་པ་འབུལ་བའི་སྲོལ་དར།  རིམ་བཞིན་རང་རེའི་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་དང་སོག་ཡུལ་གྱི་དགོན་སྡེ་དག་ལའང་མར་བཟོས་མེ་ཏོག་མཆོད་པ་འབུལ་བའི་སྲོལ་དར་ཏེ།  དུས་ཆེན་ཁྱད་པར་ཅན་སྟོན་པའི་ཆོ་འཕྲུལ་དུས་ཆེན་རྗེས་སུ་དྲན་པ་དང་འབྲེལ་ནས་ཚེས་བཅོ་ལྔའི་དགོང་མོར་མེ་ཏོག་མཆོད་པ་རྒྱ་ཆེར་བཤམས་པའོ། །
 
༢ སྐུ་འབུམ་བྱམས་པ་གླིང་དུ་མེ་ཏོག་མཆོད་པ་དར་ཚུལ། 
          བོད་རབ་བྱུང་བཅུ་བའི་ཤིང་རྟ་ཕྱི་ལོ༡༥༩༤ལོར་ཟི་ན་བླ་མ་དཔལ་འབྱོར་རྒྱལ་མཚན་དང་དཔལ་འབྱོར་རིན་ཆེན་ཁུ་དབོན་གཉིས་ཀྱིས་སྐུ་འབུམ་བྱམས་པ་གླིང་གི་རྗེ་གསེར་སྡོང་ཆེན་མོའི་མདུན་གྱི་མགོན་ཁང་ཆེན་མོ་གསར་བཞེངས་ལེགས་འགྲུབ་ཀྱི་རབ་གནས་གནང་རྗེས།  ལོ་དེའི་ཟླ་དང་པོའི་ནང་ནས་ཟི་ན་ཁུ་དབོན་གཉིས་ཀྱིས་སྦྱིན་བདག་གནང་སྟེ།  སྐུ་འབུམ་བྱམས་པ་གླིང་དུ་ཆོ་འཕྲུལ་སྨོན་ལམ་དུས་ཆེན་གྱི་ཚེས་བཅོ་ལྔའི་དགོང་མོར་མར་བཟོས་མེ་ཏོག་མཆོད་པ་འབུལ་བའི་སྲོལ་དར།
          དུས་དེ་ནས་བཟུང་སྐུ་འབུམ་བྱམས་པ་གླིང་གི་དགེ་འདུན་པ་ཚོས་ལོ་རེ་བཞིན་བོད་ཟླ་བཅུ་བའི་ཚེས་བཅོ་ལྔའི་ཉིན་ནས་བཟུང་མེ་ཏོག་མཆོད་པ་བཞེངས་འགོ་བརྩམས་ཏེ།  ཕྱི་ལོའི་ཟླ་དང་པོའི་ཚེས་བཅོ་ལྔའི་བར་ཕལ་ཆེར་ཟླ་གསུམ་ལྷག་གི་རིང་མཐོ་ཚད་ཐོག་བརྩེགས་གསུམ་ལྷག་ཡོད་པའི་ཆོ་འཕྲུལ་མཆོད་རྟེན་གྱི་རྣམ་པ་ཅན།  དཀྱིལ་དུ་གཙོ་སྐུ་ལོ་རེ་བཞིན་རྗེ་ཙོང་ཁ་པ་དང་རྗེ་བཙུན་འཇམ་པའི་དབྱངས།  འཕགས་མཆོག་སྤྱན་རས་གཟིགས་སོགས་རེས་མོས་ཀྱི་སྒོ་ནས་བཞེངས་པ་དང་།  གཡས་གཡོན་དུའང་ལོ་རེ་བཞིན་རེས་མོས་ཀྱི་སྒོ་ནས་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་དང་ཙོང་ཁ་བརྒྱད་ཅུ།  རྒྱན་དྲུག་མཆོག་གཉིས་ཀྱི་མཛད་རྣམ།  བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད།  རྒྱལ་བ་པཎ་ཆེན་གྱི་རྣམ་ཐར།  དེ་མིན་རྒྱ་གར་དང་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དག་གི་རྟོགས་བརྗོད།  བོད་ཀྱི་ཆོས་རྒྱལ་རིམ་བྱོན་གྱི་ལོ་རྒྱུས་སོགས་བརྗོད་བྱར་བཟུང་སྟེ་བཞེངས་སྐྲུན་དང་།  སྟེང་དུ་བཀྲ་ཤིས་རྟགས་བརྒྱད་དང་འདོད་ཡོན་རྣམ་ལྔ།  མཐུན་པ་སྤུན་བཞི།  ཚེ་རིང་རྣམ་དྲུག རྒྱལ་སྲིད་སྣ་བདུན་དང་།  མཐའ་འཁོར་དང་བར་དང་བར་མཚམས་སུ་ཕྲ་ཚོམ་གྱི་མེ་ཏོག་དཀར་དམར་དང་།  བྱ་དང་རི་དྭགས།  རི་ཆུ་སོགས་ཀྱིས་བརྒྱན་པ་བཞེངས་ཏེ།  ལོ་རེའི་ཧོར་ཟླ་དང་པོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚེས་བཅོ་ལྔའི་དགོང་མོར།  གནའ་བོའི་འཚེམ་དྲུབ་ཀྱི་ཐང་རྙིང་རིན་ཐང་ལྡན་པ་མང་པོའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དང་བཅས་བཤམས་སྲོལ་བྱུང་། 
          ཆུ་བཟང་བ་རྣམ་རྒྱལ་དཔལ་འབྱོར་མཆོག་ལྕགས་རྟ་ཕྱི་ལོ༡༦༣༠ལོར་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་ལྔ་བར་བཞུགས་སྐབས།  ཕར་ཕྱིན་སྐབས་དང་པོའི་རྗེ་སྒོ་གཉིས་ལ་ཡིག་ཆའི་བཞེད་མཚམས་ཐད་རྩོད་པ་བྱུང་སྟེ་འཛིན་གྲྭ་གཉིས་སུ་ཕྱེས་པ་ནས།  སྒོ་མང་འཛིན་གྲྭའི་ཕར་ཕྱིན་སྐབས་དང་པོའི་དགེ་འདུན་པ་དག་གིས་བཞེངས་པའི་མེ་ཏོག་མཆོད་པ་གཅིག་དང་།  རྗེ་བཙུན་འཛིན་གྲྭའི་ཕར་ཕྱིན་སྐབས་དང་པོའི་དགེ་འདུན་པ་དག་གིས་བཞེངས་པའི་མེ་ཏོག་མཆོད་པ་གཅིག་བཅས་མེ་ཏོག་མཆོད་པ་ཆེན་པོ་གཉིས་སོ་སོར་བཞེངས་བའི་སྲོལ་དར།  གཞན་སྔོན་གྱི་དུས་རྗེ་སྒོ་འཛིན་གྲྭ་གཉིས་ཀྱི་མེ་ཏོག་མཆོད་པ་གཞིར་བཞག་པའི་སྟེང་དུ།  སྐུ་འབུམ་བཤད་སྒྲུབ་གླིང་གི་དབུ་མ་དང་མཛོད།  འདུལ་བ།  བཀའ་རམས་པ།  བློ་རྟགས་འཛིན་གྲྭ་སོགས་དང་།  རྒྱུད་པ་གྲྭ་ཚང་དང་སྨན་པ་གྲྭ་ཚང་།  དུས་འཁོར་གྲྭ་ཚང་།  བླ་སྤྱི་སྒར་བ་སོ་སོ་ནས་ཀྱང་མེ་ཏོག་མཆོད་པ་ཆུང་ངུ་རེ་བཞེངས་ཏེ་བཅོ་ལྔའི་དགོང་མོར་རྗེ་གསེར་སྡོང་ཆེན་མོའི་མདུན་རྒྱབ་དང་།  ཚོགས་ཆེན་འདུ་ཁང་གི་སྒོ་མདུན་སོགས་སུ་བཤམས་པའི་སྲོལ་ཡོད་ཀྱང་དེང་སྲོལ་དེ་གཞི་ནས་ཉམས་ཏེ་མཐོང་རྒྱུ་མི་འདུག ཕལ་ཆེར་མཚོ་སྔོན་དུས་འཁྲུག་རྗེས་ཀྱི་རྒྱ་སོག་གི་འཁྲུག་པ་ལན་གཉིས་དང་།  ང་བརྒྱད་དང་རིག་གསར་སོགས་དུས་འགྱུར་གྱི་དབང་གིས་སྐུ་འབུམ་བྱམས་པ་གླིང་ལ་ཉམས་ཆགས་ཆེན་པོ་ཐེབས་དུས་ཉམས་སོང་བ་ཨེ་ཡིན་ནམ་སྙམ། 
          དེང་ཡང་སྔོན་གྱི་ཕྱག་སྲོལ་བཞིན་སྒོ་མང་འཛིན་གྲྭའི་མེ་ཏོག་མཆོད་པ་ཚོགས་ཆེན་འདུ་ཁང་གི་གཡས་ཕྱོགས་ཀྱི་ཆོས་གྲྭའི་སྒོ་ཆེན་མདུན་དུ་བཤམས་པ་དང་།  རྗེ་བཙུན་འཛིན་གྲྭའི་མེ་ཏོག་མཆོད་པ་ཐམས་ཅད་མཁྱེན་པའི་ལྷ་ཁང་གི་རྒྱབ་ཕྱོགས་སུ་ཤོམ་ཀྱིན་ཡོད།  འཛིན་གྲྭ་འདི་གཉིས་ཀྱིས་ལོ་རེ་བཞིན་མེ་ཏོག་མཆོད་པའི་བརྗོད་བྱའི་སྙིང་བོ་ཕན་ཚུན་ལ་གསང་རྒྱ་དང་བཅས།  འཛིན་གྲྭ་རང་རང་གི་ལྷ་བཟོ་ལེགས་ཤོས་དག་ནས་བློ་གྲོས་ཀྱི་རྩལ་དང་།  རང་རང་གི་ཐུན་མོང་མ་ཡིན་པའི་འཛིན་གྲྭའི་ཕྱག་རྒྱུན་གྱི་བཟོ་རྩལ་འགྲན་བསྡུར་གྱིས་བཞེངས་བས།  ད་ལྟའི་བཟོ་རྩལ་ཁྱད་དུ་འཕགས་ཤིང་ཉམས་འགྱུར་ཕུན་སུམ་ཚོགས་པའི་"སྐུ་འབུམ་མེ་ཏོག་མཆོད་པ"ཞེས་སྙན་པ་གླིང་ལ་གྲགས་པ་འདི་བྱུང་།

༣ བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི་སྐུ་འབུམ་མེ་ཏོག་མཆོད་པ། 
          ད་ལོ་སྟེ་བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་ཕྱི་ལོ༢༠༡༨ལོའི་སྐུ་འབུམ་མེ་ཏོག་མཆོད་པ་ཡང་ལོ་སྔ་མ་དག་དང་མཚུངས་བར།  རྗེ་སྐུ་འབུམ་དགོན་པའི་སྒོ་མང་འཛིན་གྲྭ་དང་རྗེ་བཙུན་འཛིན་གྲྭ་གཉིས་ཀྱི་དགེ་འདུན་པ་དག་གིས་བརྗོད་བྱའི་སྙིང་བོ་ཕན་ཚུན་དང་ཕྱི་ལ་གསང་བའི་སྒོ་ནས།  འཛིན་གྲྭ་རང་རང་གི་ལྷ་བཟོ་ལག་རྩལ་ཆེས་ཕུལ་དུ་ཕྱིན་པ་དག་གིས་ལོ་སྔ་མའི་ཟླ་བཅུ་བའི་ཚེས་བཅོ་ལྔའི་ཉིན་ནས་འགོ་བརྩམས་ཏེ།  ད་ལོའི་ལོ་གསར་གྱི་ཚེས་བཅོ་ལྔའི་ཉིན་བར་ཕལ་ཆེར་ཟླ་གསུམ་ལྷག་གི་རིང་།  འཛིན་གྲྭ་རང་རང་གི་ཕྱག་རྒྱུན་ཇི་ལྟ་བ་བཞིན་དུ་མེ་ཏོག་མཆོད་པ་ལེགས་པར་འགྲུབ་པར་བྱས་ཏེ།  ད་ལོའི་ལོ་གསར་ཚེས་བཅོ་ལྔའི་དགོང་མོར་འཚེམ་དྲུབ་ཀྱིས་བཞེངས་པའི་གནའ་བོའི་ཐང་རྙིང་གི་ཁང་བཟང་དབུས་སུ།  ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་འབྲེལ།  རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་དད་འདུན་དང་བསྔགས་བརྗོད་ཀྱི་མེ་ཏོག་ཐོར་བའི་བཀྲ་ཤིས་དགའ་འབོད་ཁྲོད་འགྲེམས་སྟོན་བྱས། 
ད་ལོའི་སྒོ་མང་འཛིན་གྲྭའི་མེ་ཏོག་མཆོད་པའི་གཙོ་སྐུ་རྒྱལ་བ་ཀུན་ཀྱི་མཐུ་སྟོབས་གཅིག་བསྡུས་རྗེ་བཙུན་ཕྱག་ན་རྡོ་རྗེ་དང།  གཡས་གཡོན་དུ་བྱང་ཕྱོགས་ཤམ་བྷ་ལའི་ཞིང་བཀོད་རྟེན་དང་བརྟེན་པ་བཞེངས་པ་སྟེ།  གཡས་སུ་ཤམ་བྷ་ལའི་གྲོང་ཁྱེར་ཀ་ལཱ་པའི་བཀོད་པ་དང་།  ཆོས་རྒྱལ་ཟླ་བོ་བཟང་པོ་དང་རིགས་ལྡན་རྒྱལ་བོ་རྣམས་བཞུགས་པའི་ཕོ་བྲང་དང་།  གཡོན་དུ་བྱང་ཤམ་བྷ་ལའི་རིགས་ལྡན་རྒྱལ་བོ་འགས་གདུལ་བྱའི་ཚོགས་ལ་ཆོས་གསུངས་པ་དང་ནག་ཕྱོགས་ཀླ་ཀློའི་དཔུང་སྡེ་ཐམས་ཅད་རྩད་ནས་བཅོམ་པའི་རྣམ་པར་ཐར་བ་བཞེངས་ཡོད། 
          གཞན་རྗེ་བཙུན་འཛིན་གྲྭའི་མེ་ཏོག་མཆོད་པའི་གཙོ་སྐུ་ཡང་རྒྱལ་བ་ཀུན་ཀྱི་མཐུ་སྟོབས་གཅིག་བསྡུས་རྗེ་བཙུན་ཕྱག་ན་རྡོ་རྗེ་དང་།  གཡས་གཡོན་དུ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་སྔོན་བྲམ་ཟེ་ནྱ་གྲོདྷ་ཞེས་པའི་སྲས་སྦྱིན་པ་ཆེན་པོ་ཞེས་བྱ་བའི་སྐྱེ་བ་བཞེས་ཏེ།  འཛམ་བུའི་གླིང་གི་སེམས་ཅན་དབུལ་ཕོངས་དང་བཀྲེས་སྐོམ་གྱིས་མནར་བ་ཀུན་གྱི་སྡུག་བསྔལ་སེལ་ཕྱིར་ནོར་གྱི་སྦྱིན་པ་རྒྱ་ཆེར་བཏང་བ་དང་།  དེ་ནས་རྒྱ་མཚོ་ཆེན་པོར་ཞུགས་ཏེ་ཡིད་བཞིན་གྱི་ནོར་བུ་བླངས་བའི་རྣམ་པར་ཐར་བ་མར་བཟོས་ཀྱི་རི་མོའི་ལམ་ནས་ལེགས་པར་བཞེངས་ཡོད།

          འཛིན་གྲྭ་གཉིས་ཀྱི་མེ་ཏོག་མཆོད་པའི་མཐའ་སྐོར་དང་ཕྱོགས་ཀྱི་བར་མཚམས་སོགས་ལ་འཛིན་གྲྭ་རང་རང་གི་སྔོན་གྱི་ཕྱག་རྒྱུན་བཞིན་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན།  འདོད་ཡོན་རྣམ་ལྔ།  རབ་མཛེས་དཀར་དམར་གྱི་ཕྲ་ཚོམ་མེ་ཏོག་དང་།  གནའ་བོའི་བོད་ཀྱི་ལྷ་ཁང་དང་གནས་ཁང་།  བྱ་དང་རི་དྭགས།  རང་བྱུང་གི་རི་ཆུ་སོགས་བོད་ཀྱི་རིག་གནས་ཀྱི་ཆ་ཡོངས་མཚོན་པའི་རི་མོས་རྣམ་པར་བརྒྱན་ཅིང་།  སྐྱེ་རྒུའི་མིག་གི་དྭངས་པ་དང་དད་པའི་གསོས་སུ་གསོན་ཉམས་ལྡན་པའི་སྒོ་ནས་བཞེངས་སྐྲུན་བྱས་ཡོད། 
          གཞན་ད་ལོའི་མར་བཟོས་མེ་ཏོག་མཆོད་པའི་མཐའ་སྐོར་གྱི་མཆོད་རྫས་སྐོར་ལ།  སྒོ་མང་འཛིན་གྲྭའི་མཆོད་རྫས་དང་པོ་ལ་མ་ལུས་སེམས་ཅན་མ་དང་།  མཆོད་རྫས་གཉིས་པ་རིགས་ལྡན་ཉེར་ལྔ།  མཆོད་རྫས་གསུམ་པ་གནས་བརྟན་བཅུ་དྲུག་དང་རྒྱལ་ཆེན་བཞི་སོགས་དང་།  རྗེ་བཙུན་འཛིན་གྲྭའི་མཆོད་རྫས་དང་པོ་ལ་༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་ཕྱག་ན་པད་མོ་སྐུ་ཕྲེང་རིམ་བྱོན་གྱི་འཁྲུངས་རབས་དང་།  མཆོད་རྫས་གཉིས་པ་སྒྲོལ་མ་ཉེར་གཅིག མཆོད་རྫས་གསུམ་པ་ཉེས་པའི་སྲས་ཆེན་བརྒྱད་སོགས་བྱིན་རླབས་ཀྱི་ཚན་ཁ་འབར་བའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་བཅས།  རྒྱ་ཆེ་བའི་མཇལ་བ་ཁྲི་སྟོང་མང་པོའི་དད་པའི་རྟེན་དུ་བཤམས་ཡོད་དོ། ། 
          ཅེས་བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་ཕྱི་ལོ༢༠༡༨ལོའི་ཧོར་ཟླ་དང་པོའི་ཚེས༡༥ཉིན།  འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་སྐུ་འབུམ་བྱམས་པ་གླིང་དུ་ཁྲི་སྐལ་བཟང་བརྩོན་འགྲུས་ཀྱིས་ངོ་སྤྲོད་ཀྱི་ཚུལ་དུ་བྲིས་པའོ། །  ཁ་དྲོ།