ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཚ་ཤོས།

ཉི་ཟླ་ཉག་ག་ཞེས་པའི་མིང་ཇི་ལྟར་ཐོགས་པ་ཡིན།

སྤེལ་དུས 2012-05-15 ཡོང་ཁུངས། དྲ་རྒྱ་ལས། རྩོམ་པ་པོ། དབང་འབུམ་རྒྱལ།

        
མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་དང་སྟོང་སྐོར་རྫོང་གཉིས་ཀྱིས་མཚམས་ཏེ་ཟོར་དགུ་རི་བོ་དང་རི་དཀར་ལྡང་གཉིས་ཀྱི་བར་དུ་ཡོད་པའི་ཉག་ཆེན་དེ་ལ་ཉི་ཟླ་ཉག་གའམ་རྡོ་ཉི་ཟླ་ཟེར།

       ས་མིང་དེ་ཇི་ལྟར་ཐོགས་པ་རེད་ཅེ་ན།རྒན་པོ་ལོ་ལོན་རྣམས་པས་ནམ་ཡིན་ཡང་བཤད་ཀྱིན་ཡོད་པ་འདི་ལྟ་སྟེ།    

        སྔོན་རྒྱ་ནག་རྒྱལ་བོ་ཐང་ཐའེ་ཙུང་གི་སྲས་མོ་ལྷ་གཅིག་ཀོང་ཇོ་དེ་བོད་ལ་ཕེབས་སྐབས།ཀོང་ཇོ་འཁོར་དང་བཅས་པ་རྣམས་སྔོན་ལ་སོང་བ་དང་བློན་པོ་མགར་གཞུག་ན་ཡོད།བློན་པོ་མགར་གྱི་བསམ་པར་རྒྱ་ནག་རྒྱལ་བོ་ལ་ནོར་ལོངས་སྤྱོད་དང་སྟོབས་འབྱོར་མངའ་ཐང་ལྡན་པ་དང་།བོད་ལ་དེ་འདྲ་མེད་པས་ཀོང་ཇོ་བོད་ལ་བསླེབས་རྗེས་ཕྱིར་རང་ཡུལ་ལོག་འགྲོ་བར་དོགས་པ་སྐྱེས།བློན་པོས་ཐབས་ཤིག་རྙེད།མཆིག་གུ་ལྟ་བའི་རྡོ་ལེབ་གོར་མོ་འདྲ་མཚུངས་གཉིས་བཙལ་ནས་གཅིག་ལ་གསེར་རྩི་བྱུགས་པ་དང་གཅིག་ལ་དངུལ་རྩི་བྱུགས་ནས་སྣོད་རྩུབ་པོ་ཅན་གྱི་ནང་དུ་བཅུག་སྟེ་རྟ་ལ་བཀལ་ནས་སོང་།བློན་པོས་སྒོ་དོང་སྒོ་མོའི་འགག་ནས་ཀོང་ཇོའི་རྗེས་ཟིན་པ་རེད། (ངག་རྒྱུན་དུ་བཤད་སྲོལ་ལྟར་ན་སྒོ་དོང་སྒོ་མོའི་འགག་ཅེས་པ་དེ་ད་ལྟའི་ཧོང་ཀྲུང་རྫོང་གི་ཨ་འབྲུག་རྒྱ་ཡག་གི་སྟོད་ཀྱི་ལུང་བ་དེ་ཡིན་ཟེར།སྔོན་ནས་ད་ལྟའི་བར་ལུང་བ་དེ་མིང་ལ་སྒོ་མོ་ནང་ངམ་སྒོ་མོའི་འགག་ཀྱང་ཟེར།) བློན་པོ་མགར་གྱིས་ཀོང་ཇོ་ལ་སྨྲས་པ།ལྷ་གཅིག་ཁྱེད་ཀྱི་ཡབ་རྒྱལ་བོ་ཁྱེད་ལ་བརྩེ་དུང་ཆེ་ཞིང་འདུགད་རེབ་ང་རང་ཡོང་དུས་སུ་ཡང་ཡབ་རྒྱལ་བོས་ཁྱེད་ཅག་གི་བང་མཛོད་ཀྱི་ཕུ་ན་རིན་ཐང་གཞལ་དུ་མེད་པའི་གསེར་གྱི་ཉི་མ་ཞིག་དང་དངུལ་གྱི་ཟླ་བ་ཞིག་ཡོད་པ་དེ་ཡང་ཁྱེད་ལ་རྫོངས་པ་བྱིན་ནས་བདག་གིས་ཁྱེར་ཡོང་ཡོད།ཅེས་བཤད་ཀྱིན་བཤད་ཀྱིན་ཟོར་དགུ་རི་བོའི་གཡས་དང་དཀར་ལྡང་རི་བོའི་གཡོན་གྱི་ཉག་ཆེན་དེར་བསླེབས་ནས་ཁོ་ཚོ་ཚང་མ་ངལ་གསོ་བྱས།སྐབས་དེར་ཀོང་ཇོས་བློན་པོ་མགར་ལ།ངའི་ཡབ་ཀྱིས་གནང་བའི་གསེར་དངུལ་གྱི་ཉི་ཟླ་དེར་ངས་བལྟ་ཇི་འདྲ་འདུག་ཅེས་ཟེར།བློན་པོ་མགར་གྱིས་སྣོད་ཀྱི་ནང་ནས་ཉི་ཟླ་ཕྱིར་བླངས་ཚེ།རྡོ་ལེབ་གོར་མོ་སྟེང་གི་གསེར་རྩི་དང་དངུལ་རྩི་ནག་ནོག་ཏུ་གྱུར་ནས་རྡོ་ཕྱི་ལ་མངོན་པ་རེད།དེ་མ་ཐག་བློན་པོ་མགར་ན་རེ།ལྟོས་དང་།ཁྱེད་ཀྱི་ཡབ་རྒྱལ་བོ་འདི་འདྲ་འདུགརྡོ་ལེར་གོར་མོ་གཉིས་ལ་གསེར་རྩི་དང་དངུལ་རྩི་བྱུགས་ནས་གསེར་གྱི་ཉི་མ་དང་དངུལ་གྱི་ཟླ་བ་ཟེར་ནས་ཁྱེད་ལ་མགོ་གཡོག་མགོ་སྐོར་བཏང་བ་རེད་ཅེས་བཤད་པས།ཀོང་ཇོའི་ཞལ་རས་དམར་མདངས་སུ་གྱུར་པ་དང་ངོ་ཚ་བས།མིག་ནས་མཆི་མ་བཞུར་བཞིན་ཁོང་ཁྲོའི་ངང་ནས་རྡོ་གོར་མོ་གཅིག་ཉག་ཆེན་དེའི་རྒྱབ་ཕྱོགས་སུ་གཡུགས།གཅིག་ཉག་ཆེན་དེའི་མདུན་ཕྱོགས་སུ་གཡུགས།ལྷ་གཅིག་ཀོང་ཇོ་ན་རེ།རྡོ་ལེབ་གོར་མོ་འདི་གཉིས་རང་འགུལ་གྱིས་འཁོར་ཏེ་ལྷན་གཅིག་ཏུ་མ་སླེབས་པའི་བར།བུ་མོ་ང་རང་ཡུལ་དུ་མི་ལོག་པ་ཐག་བཅད་པ་ཡིན་ཞེས་དམ་བཅའ་བྱས་སོ།དེའི་ཕྱིར་ཉག་ཆེན་དེ་ལ་ཉི་ཟླ་ཉག་གའམ་རྡོ་ཉི་ཟླ་ཞེས་མིང་ཐོགས་པ་ཡིན།