དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཚ་ཤོས།

རྫོགས་ཆེན་སྒྲུང་པ་ཚང་དང་སྒྲུང་མཁན་པདྨ་ཡེ་ཤེས།

སྤེལ་དུས 2021-03-24 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ།

           ཤོག་གུ་ངོས་ཀྱི་གེ་སར།
           རྫོགས་ཆེན་གྲོང་རྡལ་ནི་གེ་སར་རིག་གནས་དང་གླིང་གི་ལོ་རྒྱུས་བར་དུ་འབྲེལ་བ་དམ་ཟབ་ཡོད་པའི་ས་ཁུལ་ཞིག་ཡིན་ལ།   ལྷག་པར་དུ་གེ་སར་རྒྱལ་པོ་དང་།  དཔའ་ཐུལ་སུམ་ཅུའི་གར་འཆམ།  གླིང་གི་དཔའ་ཐུལ་དང་གླིང་དཀར་ལྷ་སྡེའི་ཞལ་འབག  རྡོ་ངོས་སུ་བརྐོས་པའི་གེ་སར་དང་མར་རྒྱན་གྱིས་བཅས་པའི་གེ་སར།   གེ་སར་ཐང་ག་དང་ཟངས་གསེར་གྱིས་བཞེངས་པའི་གེ་སར་སོགས་ནི་གང་སར་འཇལ་དུ་ཡོད་པ་ཞིག་ཡིན།   གེ་སར་སྒྲུང་དང་། སྒྲུང་ངག  དབྱངས་རྟ་སོགས་ཀྱིས་གེ་སར་རིག་གནས་འདི་མ་ཉམས་རྒྱུད་འཛིན་དང་། ཉམས་པ་སླར་གསོ་བྱས་ཡོད་པ་ལོ་རྒྱུས་ཀྱིས་དཔུང་པོ་བྱེད་ཐུབ།  དེ་བཞིན་གླིང་སྒྲུང་དང་འབྲེལ་བའི་ས་མིང་དང་།  གླིང་གི་ཡོ་བྱད་དང་འབྲེལ་བའི་རྡོ་དང་དངོས་པོ་ཅི་རིགས་ཞིག་ཡོད་པ་ནི་དམངས་ཁྲོད་རིག་དངོས་དང་འབྲེལ་བའི་གཏམ་རྒྱུད་ཅིག་ཡིན་ན་ཡང་།  གེ་སར་རིག་དངོས་དང་།  སྒྲུང་གཏམ་དེ་དག་བཤད་སྒྲུང་གི་ཐབས་ཤེས་སྤྱད་དེ་མི་ལོ་མང་པོ་རྒྱུད་འཛིན་བྱས་པའི་མི་སྣ་ཞིག་ཡོད་པ་ནི།  སྒྲུང་པ་པདྨ་ཡེ་ཤེས་རེད།  ཁོང་གིས་ཐོག་མར་སྒྲུང་ཡིག་གྱེར་འདོན་བྱས་པ་ནས་ད་ལྟའི་བར་གླིང་སྒྲུང་ལ་དགའ་ཞེན་ཡོད་པའི་མི་སྣ་མང་པོ་ཞིག་གསོ་སྐྱོང་བྱས་མྱོང་ལ།  བོད་ཁམས་ཀྱི་སྒྲུང་པ་རྒན་གྲས་ཤིག་གི་མིང་ཐོག་ནས་སྤྱི་ཚོགས་ལ་སྒྲུང་ངག་གསར་པ་ཞིག་གི་ལེགས་སྐྱེས་བཟང་པོ་ཞིག་ཀྱང་ཕུལ་མྱོང་ཡོད། ད་ལྟ་ཁོང་དང་ཁོང་གི་ཁྱིམ་མི་ཚང་མས་བཤད་སྒྲུང་རྒྱུད་འཛིན་བྱེད་པའི་ཞོར་དུ།  གླིང་སྒྲུང་གི་སྐོར་ལ་སྔར་ལས་ལྷག་པའི་རྒྱུས་ལོན་བྱས་ཏེ།   སྒྲུང་པ་ཚང་ཞེས་པའི་གེ་སར་རིག་དངོས་ལ་ཞིབ་འཇུག་བྱེད་པའི་དཔུང་སྡེ་གསར་པ་ཞིག་འཚར་ལོངས་འབྱུང་བཞིན་འདུག

           སྒྲུང་པ་བསོད་རྒྱལ་གྱིས་བཅས་པའི་གེ་སར་ཞལ་འབག
           པདྨ་ཡེ་ཤེས་ནི་སྤྱི་ལོ1947མེ་ཕག་ལོར་མདོ་ཁམས་རྫོགས་ཆེན་དུ་ཡབ་རིག་འཛིན་པདྨ་འཕྲིན་ལས་དང་ཡུམ་ཁྲ་ལོ་ཞེས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གིས་དགུང་ལོ་བདུན་གྱི་ཐོག་ནས་མཁན་པོ་ཐུབ་བསྟན་སྙན་གྲགས་ཀྱི་སྐུ་མདུན་དུ་བོད་ཡིག་སྦྱོང་མགོ་བརྩམས་པ་དང་། ཁོང་ནི་ཆུང་དུས་ནས་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་དགའ་ཞེན་ཆེ་ཞིང་། གླིང་སྒྲུང་ཉན་རྒྱུར་ཡང་ཧ་ཅང་དགའ་པོ་ཡོད་པ་རེད། ཁོ་རང་དགུང་ལོ་བཅུ་གསུམ་ཐོག་དམངས་གཙོ་བཅོས་བསྒྱུར་གྱི་དུས་འགྱུར་ཆེན་མོ་བྱུང་བས་རིག་གནས་སྦྱོང་བའི་བསྐལ་བ་དབེན་པར་གྱུར་མོད། འོན་ཀྱང་ལས་དང་སྨོན་ལམ་བཟང་པོ་ཞིག་གིས་ཁོ་རང་ལ་སྒྲུང་ཡིག་ཐོར་བུ་ཞིག་རྙེད་སོན་བྱུང་བས་བྱིས་པ་མང་པོ་དང་ལྷན་དུ་ལས་ཀའི་བར་གསེང་ལ་གླིང་གེ་སར་གྱི་རྣམ་ཐར་འཁྲབ་སྟོན་གྱི་ཚུལ་དུ་ཁོང་གིས་འགོ་གཙོ་མཛད་ནས་དབྱུག་པའི་མགོར་རས་དང་དར་གོས་ཧྲལ་བོ་དཀྲིས་ནས་རྩེད་མོའང་བརྩེས་མྱོང་ཡོད་གསུངས། ཁོང་གིས་ཐོག་མར་བཀླགས་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་ཡིག་དེ་ནི་འཁྲུངས་གླིང་མེ་ཏོག་ར་བ་ཡིན་པ་དང་།  དེ་རྗེས་རིམ་བཞིན་དུས་སྐབས་ཇེ་ལེགས་ཏུ་སོང་བ་དང་བསྟུན་ནས་རྟ་རྒྱུགས་ནོར་བུ་ཆ་བདུན་དང་། མི་ནུབ་དར་རྫོང་། མོན་གླིང་གཡུལ་འགྱེད། ལྷ་གླིང་གབ་རྩེ་དགུ་སྐོར། ཤན་འདན་ནང་འཁྲུག  རྒྱ་གར་གསེར་རྫོང་། རྒྱ་ནག་ཇ་རྫོང་། མོན་གླིང་གཡུལ་འགྱེད། བེ་ར་ལུག་རྫོང་། སྟག་གཟིག་ནོར་འགྱེད། སྟག་གཟིག་ནོར་རྫོང་། གྲུ་གུ་གོ་རྫོང་སོགས་སྒྲུང་ཡིག་མང་པོ་གྱེར་འདོན་གནང་མྱོང་ཡོད་པ་རེད། ཁོང་གིས་སྒྲུང་ཡིག་ཀློག་འདོན་བྱེད་དགའ་ཤོས་དེ་གླིང་སྒྲུང་མི་ནུབ་དར་རྫོང་ཡིན་པས། སྒྲུང་ཡིག་དེ་ཐེངས་མང་པོ་བཀླགས་མྱོང་ཡོད་ཅེས་གསུངས། ཁོང་གིས་དགུང་ལོ་ཆུང་དུས་ནས་སྒྲུང་ངག་སྣེ་རིགས་མང་པོ་ཤེས་ཀྱི་ཡོད་ཅིང་། གླིང་གི་དཔའ་རྟུལ་སུམ་ཅུར་སྒྲུང་ངག་རེ་བཀུག་ནས་སྒྲུང་གླུ་ལེན་མྱོང་ཡོད་པ་རེད། ཁོང་གིས་དམིགས་བསལ་གྱི་དགེ་རྒན་བསྟེན་ནས་སྒྲུང་ཡིག་སྦྱངས་མྱོང་མེད་རུང་། དགུང་ལོ་ཆུང་ངུའི་དུས་ནས་གླིང་སྒྲུང་རིག་གནས་ཀྱི་ཁོར་ཡུག་གི་བག་ཆགས་ཟབ་མོ་ཡོད་པ་དང་། ཡུལ་ལུང་གང་སར་གླིང་གེ་སར་རྒྱལ་པོའི་སྒྲུང་ཉན་པའི་སྐལ་བ་བཟང་པོ་ཐོབ་ཡོད་པས། ཁོང་གིས་རང་ཤུགས་ཀྱིས་སྒྲུང་ངག་བཀུག་ཤེས་པར་གྱུར་ཡོད། ཁོང་གིས་གསུངས་པར། སྐབས་རེ་སྒྲུང་ངག་སྣ་ཚོགས་ཐོགས་པ་མེད་པར་ཉན་པ་ཙམ་གྱིས་རང་ཤུགས་སུ་ཤེས་ཀྱི་ཡོད། དེ་ནི་གླིང་གེ་སར་རྒྱལ་པོའི་ཐུགས་རྗེའི་བྱིན་རླབས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་སྐབས་རེ་སྒྲུང་ངག་ཅི་ཞིག་བཀུག་ནའང་བཀུག་མི་ཤེས་པའི་གནས་ཚུལ་ཡང་ཕྲད་མྱོང་ཡོད་ཅེས་གསུངས།
           
སྒྲུང་པ་པདྨ་ཡེ་ཤེས།
           སྒྲུང་པ་པདྨ་ཡེ་ཤེས་ནི་སྡེ་དགེའི་ས་ཆ་ཙམ་མ་ཟད་ཁམས་ཕྱོགས་ཡོངས་སུ་སྐད་གྲགས་ཆེན་པོ་ཡོད་པའི་སྒྲུང་པ་ཞིག་ཡིན་ཞིང་། ཁོང་གིས་སྔ་རྗེས་སུ་སྒྲ་ཕབ་བྱས་པའི་གླིང་སྒྲུང་ཁ་ཆེ་གཡུ་རྫོང་ཁོ་ནར་སྒྲ་ཐག་བཅུ་གསུམ་ཡོད་པ་དང་། མི་ནུབ་དར་རྫོང་ལ་སྒྲ་ཕབ་སྤྱིན་ཤོག་དགུ་ཡོད། ད་དུང་གྲུ་གུ་གོ་རྫོང་དང་། སྟག་གཟིགས་ནོར་འགྱེད། གངས་རི་ཤེལ་རྫོང་། ཁ་ཆེ་གཡུ་རྫོང་། མི་ནུབ་དར་རྫོང་སོགས་སྒྲ་ཕབ་གནང་མྱོང་ཡོད་པ་རེད། ཁོང་གིས་གསུངས་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་དེ་དག་ཁམས་ཁུལ་གྱི་ཡུལ་ཕྱོགས་གང་སར་གཏོང་གི་ཡོད་པ་དང་། ལྷག་པར་དུ་ལོ་གསར་དང་དུས་ཆེན་སྐབས་སྒྲ་སྡུད་འཕྲུལ་འཁོར་ནང་མངགས་གཏོང་བྱེད་ཅིང་། ཕོ་མོ་རྒན་གཞོན་ཚང་མས་དགའ་པོ་བྱེད་བཞིན་ཡོད།   དེར་མ་ཟད་ཁོང་གིས་གླིང་རྗེ་གེ་སར་རྒྱལ་པོའི་རྣམ་ཐར་བདུད་གླིང་གཡུལ་འགྱེད་དང་ཧོར་གླིང་གཡུལ་འགྱེད་ཀྱི་ཟློས་གར་འཁྲབ་གཞུང་བརྩམས་ཡོད་ཅིང་། ཁོང་བཞུགས་སའི་རྫོགས་ཆེན་ཤང་རུ་ཁག་གཉིས་པའི་གྲོང་མི་ཕོ་གཞོན་རྣམས་སྒྲིག་འཛུགས་བྱས་ནས། ཁོང་རང་ཉིད་ཀྱིས་གླིང་གེ་སར་རྒྱལ་པོའི་སྒྲུང་བཤད་ཞོར་དུ་ལོ་རབས་བརྒྱད་ཅུ་པའི་སྐབས་སུ་གྲོང་ཚོའི་ནང་ནས་གཞོན་ནུ་བདམས་ནས་འགའ་རེར་འདན་མ་དང་། འགའ་རེར་རྒྱ་ཚ།འགའ་རེར་ཧོར་གུར་དཀར། འགའ་རེར་བདུད་ཀླུ་བཙན་སོགས་གླིང་སྒྲུང་གི་མི་སྣ་འཁྲབ་ཏུ་བཅུག་པས། སྡེ་མི་སེར་རྣམས་ཀྱིས་ཧ་ཅང་དགའ་པོ་བྱས་ཡོད། སྐབས་དེར་གླིང་རྗེའི་རྣམ་ཐར་འཆམ་མཁན་མི་ཉི་ཤུ་ནས་སུམ་ཅུ་ཙམ་འཛོམས་ཀྱི་ཡོད།  
 
           སྒྲུང་པ་ཚང་གི་ཁྱིམ་དུ་ཡོད་པའི་ཙན་དན་དམར་པོའི་མདའ་དར་ཞིག
           དེ་རྗེས་ལོ་རེ་བཞིན་བ་སྲས་གསེར་གཞུང་སྡེ་བའི་དབྱར་གྱི་དུས་སྟོན་སྐབས་སུ་རྟ་རྒྱུགས་ནོར་བུ་ཆ་བདུན་དང་འཛམ་གླིང་སྤྱི་བསང་སོགས་ཟློས་གར་གྱི་ཚུལ་དུ་འཁྲབ་སྟོན་བྱེད་ཀྱི་ཡོད། སྤྱི་ལོ༢༠༡༢ལོར་དུས་རབས་གསར་བའི་འགྲོས་དང་བསྟུན་ནས་འདན་མའི་ནས་རྫོང་ཞེས་པའི་གློག་བརྙན་ཞིག་འཁྲབ་སྟོན་བྱས་སྟེ་ཁོང་གིས་འཁྲབ་ཁྲིད་པའི་འགན་ཡོངས་སུ་ཁུར་མྱོང་ལ་དེ་མིན་གློག་བརྙན་འགའ་རེའི་ནང་དུ་འཁྲབ་སྟོན་པའང་བྱས་ཡོད་པ་ད་ལྟ་ཀུན་གྱི་མིག་ལམ་དུ་ཟེར་སྡེར་གྱི་ལམ་ནས་སྟོན་ཐུབ་པ་བྱུང་ཡོད། དགུང་ལོ་བདུན་ཅུར་སོན་ལ་ཉེ་བའི་རིང་ཁོ་རང་གིས་ད་རུང་དཀའ་ཚེགས་དང་འོ་བརྒྱལ་ལ་མ་འཛེམས་པར་རང་ཉིད་ཀྱི་མི་ཚེའི་ནང་གེ་སར་རིག་གནས་ཀྱི་ཟློས་གར་ཐོག་མར་འབྱུང་སའི་ཡུལ་འདིའི་ལོ་རྒྱུས་དང་རིག་གནས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་བའི་ཆེད་དུ།༢༠༡༥ལོའི་ལོ་འགོར་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་རེ་བ་དང་གདན་ཞུས་ལྟར་པེ་ཅིང་ལ་ཕེབས་ཏེ་དམྱལ་གླིང་རྫོགས་པ་ཆེན་པོ་ལ་སོགས་སྒྲ་འཇུག་བྱས་པས་༢༠༡༥ལོའི་ཀྲུང་དབྱང་དྲིལ་བསྒྲགས་པུའི་རིག་གནས་མི་སྣ་གྲགས་ཅན་གྱི་གླིང་སྒྲུང་འཆད་གྱེར་སྒྲ་འཇུག་ལས་ཀའི་ནང་ཞུགས་གནང་བར་གཟི་བརྗིད་མཚན་སྙན་ལག་ཁྱེར་ཀྱང་གནང་ཡོད། 

           གེ་སར་སྒྲུང་གི་བརྒྱུད་འཛིན་པ་པདྨ་བཀྲ་ཤིས།
           ཁོ་རང་ཕ་ཡུལ་དུ་སླེབས་མ་ཐག་ཟླ་བ་གཉིས་ལྷག་རིང་མཚམས་རེར་ཁྱིམ་གྱི་ལས་ཀ་དང་མཚན་མོའི་གཉིད་ཀྱང་བཅག་ནས་ཁོང་གིས་སྔར་འཁྲབ་མྱོང་བའི་རྟ་རྒྱུགས་ནོར་བུ་ཆ་བདུན་དང་འཛམ་གླིང་སྤྱི་བསང་གཉིས་ཀྱི་འཁྲབ་གཞུང་བཅོས་བསྒྱུར་དང་སྒྲ་འཇུག  འཁྲབ་སྟོན་པའི་གྱོན་གོས་འཆར་འགོད། འཁྲབ་སྟོན་མི་སྣར་འཁྲབ་འཁྲིད་སོགས་བྱས་ནས་དབྱར་གཞུང་གི་འབྲོག་པའི་རྩྭ་ཐང་ལ་སྔར་བས་མཛེས་སྡུག་ལྡན་པའི་ལྟད་མོ་ཀུན་གྱི་མིག་ལམ་དུ་ལེགས་འབུལ་བྱུང་ཡོད་པས་མང་ཚོགས་ཡོངས་ཀྱིས་དགའ་བསུ་རྒྱ་ཆེན་གནང་ཡོད་དོ།།
རྩོམ་སྒྲིག་པ། སྣང་རྡོར།