སྨན་རྩིས་ཟུང་འབྲེལ་བྱེད་དགོས་དོན་ཅི་ཡིན།
སྤེལ་དུས 2021-12-07
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
བོད་ཀྱི་གསོ་རིག་སྦྱོང་སྐབས་ངེས་པར་དུ་གཙུག་ལག་རྩིས་ཀྱི་གཞུང་ཡང་མཉམ་དུ་སྦྱོང་དགོས་ཀྱི་ཡོད། དེའི་རྒྱུ་མཚན་ནི་སྨན་གཞུང་ལས་བསྟན་པར། ནད་པར་ནད་བཅོས་བྱེད་སྐབས་རྒྱུན་རྩ་དང་། ནད་རྩ། དུས་རྩ་བཅས་ཀྱི་དབྱེ་བ་ཡོད་པས། རྒྱུན་རྩའི་འཕར་སྟངས་ཁོང་དུ་ཆུད་ཐོག ནད་ཅན་དང་ནད་མེད་ཀྱི་རྩའི་དབྱེ་བ་ཤེས་དགོས་པ་མ་ཟད། ནམ་དུས་མི་འདྲ་བའི་རྩའི་ཆོས་ཉིད་ཀྱང་གསལ་པོ་ཤེས་དགོས་ཤིང་། དེ་ཡང་སྨན་པས་རྩ་ཆུར་བརྟེན་ནས་ནད་པར་བརྟག་དཔྱད་བྱེད་སྐབས་ནད་སོག་ལྡང་ཞི་གསུམ་གྱི་དུས་མཚམས་ངེས་པར་འབྱེད་པ་དང་དུས་སུ་སྤྱོད་པའི་སྤྱོད་ལམ་གྱི་སྐབས་སུ་མི་འགྱུར་བའི་གཟེར་ཤེས་པ་བྱེད་དགོས། དེ་ཤེས་པར་གཙུག་ལག་རྩིས་ལ་རྟེན་དགོས་ཀྱི་ཡོད།
རྩ་མདོ་ལས། དུས་བཞི་ཁམས་ལྔའི་འབྱུང་བ་བརྩི་བ་ནི། དང་པོ་དུས་དོན་ཁམས་དང་རྩ་རུ་སྦྱར། མ་བུ་དགྲ་གྲོགས་བཞི་ཡི་སྐོར་འགོ་བརྩི་ཞེས་གསུངས་ཤིང་། དེར་དཔྱིད་ཀ་ལ་སོགས་པའི་ཕྱིའི་དུས་བཞི་དུས་མཚམས་བཅས་ལྔ་དང་། མཆིན་པ་ལ་སོགས་པའི་ནང་གི་དོན་ལྔའི་ཁམས་རྣམས་རྩའི་འཕར་སྟངས་དང་ལྷན་གཅིག་ཏུ་སྦྱར་ནས་རྒྱུན་རྩ་དང་། དུས་རྩ། ནད་རྩ་བཅས་སོ་སོར་ངེས་པར་འབྱེད་དགོས་ལུགས་བསྟན་ཡོད། ད་དུང་ཆུ་ལ་བརྟག་སྐབས་ཀྱང་། ཆུ་དེ་སྲིད་པའི་རུས་སྦལ་གན་རྐྱལ་གནས་ཞེས་པ་སོགས་གཙུག་ལག་རྩིས་ཀྱི་རིག་པར་རྟེན་དགོས་པའི་ཆ་མང་པོ་ཡོད།
གཙུག་ལག་རྩིས་ལ་མཁས་པ་ཞིག་ཡིན་ནའང་གསོ་རིག་གཞུང་ནས་བསྟན་པའི་ལུས་ཀྱི་ཆགས་ཚུལ་དང་། ལུས་ཀྱི་རྩ་དང་རླུང་ཁྲག་རྒྱུ་བའི་གནས་ལུགས་སོགས་ལེགས་པར་མ་ཤེས་ན། ཕྱི་ནང་གི་འབྱུང་བ་རྣམས་ངོ་བོ་བདག་ཉིད་གཅིག་ཏུ་འབྲེལ་བའི་རྒྱུ་མཚན་གྱིས། རྩིས་གཞུང་དུ་བསྟན་པའི་ཟླ་བ་སོ་སོའི་དབུགས་སྒང་ཁྱིམ་སླེབས་སོགས་དུས་གཟེར་གྱི་གནད་དང་། དུས་བཞིའི་འགྱུར་བ། མི་ལུས་ཀྱི་རྩ་རླུང་གི་རྒྱུ་བ་རྣམས་ཕན་ཚུན་ཇི་ལྟར་འབྲེལ་བའི་ཚུལ་ཁོང་དུ་ཆུད་ཐུབ་ཀྱི་མེད། དེར་བརྟེན། བོད་ཀྱི་གསོ་རིག་སྦྱོང་སྐབས་ངེས་པར་དུ་གཙུག་ལག་རྩིས་ཀྱི་གཞུང་ཡང་མཉམ་དུ་སྦྱོང་དགོས་ཀྱི་ཡོད་དོ།
རྩོམ་སྒྲིག་པ། སྣང་རྡོར།