ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ10པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་འགྲན་ཐེངས་དང་པོ་དེ་ཉིང་ཁྲི་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རྐང་འཁོར་གྲི་རྩེད་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཏང་ཨུད་ཧྲུའུ་ཅི་ཀྲུའུ་རེན་སུན་ཝེ་མིང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བློ་མཐུན་དཔའ་ཐར་བཅས་ཀྱིས་འགྲན་བསྡུར་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་རེད།
ལུས་རྩལ་པ་རྣམས་ཀྱིས་འགྲན་བསྡུར་འགོ་ཚུགས་སར་མེ་མདའ་འཕེན་རྒྱུར་སྒུག་བཞིན་པ།
འགྲན་ལམ་དང་པོ་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོའི་སྤྱི་གླིང་ནས་ཐོན་ཏེ་རྒྱལ་ལམ318བརྒྱུད་ནས་ཀོང་པོ་རྒྱ་མདའ་རྫོང་ཆོན་ཀྲོའུ་ཟམ་ཆེན་དུ་ཡིན་པ་དང་། ལམ་ཐག་ཧྲིལ་པོར་སྤྱི་ལེ129.8ཡོད། རྒྱལ་ཁབ་ཕྱི་ནང་གི་རྐང་འཁོར་རུ་ཁག17ནས་ཡོང་བའི་རྐང་འཁོར་བས“མཛེས་ལྗོངས་ཀྱི་ལམ་ཆེན”ཞེས་སུ་གྲགས་པའི་རྒྱལ་ལམ318དུ་བསྐྱོད་ཅིང་། ཉང་ཆུའི་མཚར་ཞིང་སྡུག་པའི་མཛེས་པ་ལ་རོལ་མྱོང་བྱེད་པ་དང་ཆབས་ཅིག མཐོ་སྒང་འདི་རུ་མྱུར་ཚད་དང་སྤྲོ་སེམས་ཀྱིས་ཁེངས་བའི་འགྲན་བསྡུར་བྱེད་བཞིན་མཆིས།
ལུས་རྩལ་པ་རྣམས་ཀྱིས་ཛ་དྲག་ཆེ་བའི་འགྲན་བསྡུར་བྱེད་བཞིན་པ།
ལུས་རྩལ་པ་རྣམས་ཀྱིས་ཛ་དྲག་ཆེ་བའི་འགྲན་བསྡུར་བྱེད་བཞིན་པ།
ཛ་དྲག་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད། ཁྲེང་ཏུའིCCCNརྐང་འཁོར་རུ་ཁག་གིRIKUNOV PetrདངSCOM-ཐའེ་ཧྲན་ལུས་རྩལ་རླངས་འཁོར་རུ་ཁག་གིTORES VILAREAL Carlos Alberto ཁྲེང་ཏུའིCCNརྐང་འཁོར་རུ་ཁག་གིSTEANAndreiསོ་སོར་འགྲན་བསྡུར་ཀྱི་ཨང་དང་པོ་དང་གཉིས་པ། གསུམ་པ་ཐོབ་པ་རེད། ལི་ཉིང་ཤིང་ནས་ཡིན་པའི་པའེ་ལི་ཅུན་ལ་ཨེ་ཤེ་ཡའི་མི་སྒེར་གྱི་གྲུབ་འབྲས་ཡག་ཤོས་ཅན(འོག་འཇུག་དཀར་པོ)ཐོབ་པ་དང་། ཁྲེང་ཏུའུCCCNརྐང་འཁོར་རུ་ཁག་གིRIKUNOV Petrལ་མི་སྒེར་གྱི་ཆ་བསགས་ཡག་ཤོས་ཅན(འོག་འཇུག་ལྗང་ཁུ)དང་མི་སྒེར་གྱི་སྤྱིའི་གྲུབ་འབྲས་ཡག་ཤོས་ཅན(འོག་འཇུག་སེར་པོ)ཐོབ་པ་རེད།
འགྲན་ལམ་དང་པོའི་ཨང་དང་པོRIKUNOV Petrམཐའ་ཚུགས་སུ་འབྱོར་བ།
“འགྲན་ལམ་དང་པོར་གྲུབ་འབྲས་ཡག་པོ་དེ་འདྲ་ཐོབ་པ་དེ་ནི་ང་ལ་མཚོན་ན་ངོ་མ་གཏམ་བཟང་ཞིག་རེད། ང་ནི་ས་བབ་འདི་འདྲ་མཐོ་བའི་འགྲན་བསྡུར་ལ་ཞུགས་ཐེངས་དང་པོ་ཡིན། འགྲན་བསྡུར་བྱེད་པའི་བརྒྱུད་རིམ་ནང་རྒྱུན་ཆད་མེད་པར་དབུགས་ཧལ་བ་དང་། སྤྱི་ལེ་སུམ་ཅུ་ཙམ་སོང་ཙམ་རིམ་གྱིས་ལུས་པོ་བདེ་བར་གྱུར། དེར་རྐྱེན་ངས་ངར་ཤུགས་གཅིག་ཏུ་བསྡུས་ནས་མདུན་དུ་སྐྱོད་མཐར། མཇུག་གི་སྤྱི་ལེ་ལྔ་ཡི་སར་གཞི་ནས་གཞན་ལས་རྣམ་པར་རྒྱལ་ཐུབ་བྱུང”ཞེས་ཁྲེང་ཏུའུCCCNརྐང་འཁོར་རུ་ཁག་གིRIKUNOV Petrའགྲན་བསྡུར་ཚར་རྗེས་ལོགས་སུ་ངལ་གསོ་བྱེད་བཞིན་ཡོད། དུས་རིམ་རྗེས་མའི་འགྲན་བསྡུར་སྐོར་ལ་ཁོང་གིས“སང་ཉིན་གྱི་འགྲན་བསྡུར་ལ་ལམ་ཐག་སྤྱི་ལེ89.97ཡོད་ན་ཡང་། ང་དང་ལས་རོགས་ཚོ་ལ་མཚོན་ན་གནད་དོན་ཆེན་པོ་མིན་པར་བསམ་ལ། གྲུབ་འབྲས་ཡག་པོ་ཞིག་ཐོབ་པར་ཡིད་ཆེས་བརྟན་པོ་ཡོད། ངས་ཀྱང་རང་ཉིད་ཀྱི་རྐང་འཁོར་རུ་ཁག་ལ་གཟི་བརྗིད་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་བཤད་བྱུང་།
འགྲན་ལམ་དང་པོ་ཡི་ཨང་དང་པོ་ནས་གསུམ་པ་བར་གྱི་ལུས་རྩལ་པ་གསུམ་པོས་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ།
སྐབས་འདིའི་འགྲན་བསྡུར་ནི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་དང་ས་ཁུལ་དབར་གྱི་རིག་གནས་སྤེལ་རེས་བྱེད་པ་གཏིང་ཟབ་ཏུ་གཏོང་བ་དང་། “ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོར”བརྟེན་ནས་ལུས་རྩལ་གྱིས་ཕྱི་ཕྱོགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་སྟེགས་བུ་གལ་ཆེན་ཞིག་ཡིན། རྒྱལ་སྤྱིའི་ཚད་གཞི་དང་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་འགྲན་བསྡུར་དང་། འཛམ་གླིང་ལ་ཀྲུང་གོའི་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ངོམས་པའི་སྐར་ཁུང་བཟང་པོ། ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་བཅས་སུ་གྱུར་ཡོད། ཁྱད་ལྡན་གྱི་ལུས་རྩལ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་ཁུལ་ཆེན་པོར་བསྐྲུན་ནས། ལུས་རྩལ་དང་ཡུལ་སྐོར་རིག་གནས་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་དང་། བོད་ལྗོངས་ཀྱི་དུས་རབས་ཀྱི་འཕོ་འགྱུར་ཆེན་པོར་ཕྱིར་མངོན་པར་དོན་སྙིང་ཆེན་པོ་ལྡན།
ལྟད་མོ་བས་ལུས་རྩལ་པ་རྣམས་ལ་ཤུགས་རྒྱོབ་ཅེས་ངར་ཤུགས་སློང་བ།
བོད་ལྗོངས་ཀྱི་ཧི་མ་ལ་ཡའི་རྐང་འཁོར་རུ་ཁག་གི་རྩལ་ཁྲིད་པ་ཟླ་བ་ཚེ་རིང་གིས“ད་ཐེངས་ཀྱི་འགྲན་བསྡུར་ནང་ང་ཚོ་བོད་ལྗོངས་ཀྱི་ཧི་མ་ལ་ཡའི་རྐང་འཁོར་རུ་ཁག་ནས་བདམས་ཐོན་པ5འགྲན་བསྡུར་ལ་ཞུགས་ཡོད། ད་རེས་ཀྱི་འགྲན་ལམ་དང་པོའི་གྲུབ་འབྲས་སྔོན་དཔག་བྱས་པའི་དམིགས་ཚད་དུ་སླེབས་ཡོད། ད་ཐེངས་ཀྱི་འགྲན་བསྡུར་ནིUCIཨེ་ཤེ་ཡའི་འགྲན་བསྡུར་གྱི་ཉིན་རེའི་རེའུ་མིག་ཏུ་བཀོད་རྗེས་ཀྱི་འགྲན་བསྡུར་བྱེད་ཐེངས་དང་པོར་ཡིན་པས། ཕུལ་བྱུང་གི་ལས་རིགས་རྐང་འཁོར་རུ་ཁག་དང་ལུས་རྩལ་པ་མང་པོ་ཞུགས་ཡོད། འདི་ང་ཚོ་བོད་ལྗོངས་ཀྱི་ལུས་རྩལ་པ་ཚོར་མཚོན་ན་སློབ་སྦྱོང་གི་གོ་སྐབས་ཧ་ཅང་ཡག་པོ་ཞིག་རེད”ཅེས་བཤད།
ཟླ10པའི་ཚེས16ཉིན། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དཔའ་བོའི་དྲན་གསོའི་རྡོ་རིང་ཐང་ཆེན་ནས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེའི་ཁུལ་བར་ཏེ། འགྲན་ལམ་གཉིས་པའི་མྱུར་ཚད་འགྲན་བསྡུར་དེ་སྤེལ་རྒྱུ་ཡིན། འགྲན་བསྡུར་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ89.97ཡོད། ལུས་རྩལ་པ་ཚོས“ཇོ་མོ་གླང་མའི་ཕ་ཡུལ”ཏེ། གཞིས་ཀ་རྩེ་ནས་ཟིན་ཐོ་གསར་པ་བཏོད་ནས་གྲུབ་འབྲས་བཟང་པོ་ལེན་པར་རེ་སྒུག་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། མང་ག་མཚོ།