“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བདག་སྒྲ་པ་བ་གཉིས་ཀྱི་ཕྲད་སྦྱོར་ལ་དཔྱད་པ།

སྤེལ་དུས 2020-01-06 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། སྙན་བཟང་པ་ཀུན་བཟང་རྒྱལ།
[ནང་དོན་གནད་བསྡུས] དཔྱད་རྩོམ་འདིར་བ་ཡིག་བདག་སྒྲར་འགྲོ་མིན་དེ་རྡོ་རིང་དང་ཡིག་རྙིང་། བཀའ་བསྟན་བཅས་ལ་གཞི་བྱས་ཏེ་ར་སྤྲོད་བྱས་ཡོད་པ་མ་ཟད། སུམ་ཅུ་པའི་རྩ་འགྲེལ་ཁག་ཏུ་བསྟན་པའི་བདག་སྒྲའི་ཕྲད་ཀྱི་ངོས་འཛིན་དང་དེ་དག་གི་བཞེད་དགོངས། པ་བ་གཉིས་ཀྱི་ཕྲད་སྦྱོར་འཕེལ་རིམ་དང་དེ་དག་གི་ཁྱད་པར། དེ་བཞིན་གསུང་རབ་ཀུན་ན་བདག་སྒྲ་དང་མིང་མཐའི་པ་བ་གཉིས་ཇི་ལྟར་སྦྱར་ཚུལ་རྣམས་ལ་དཔྱད་ཞིབ་ཀྱིས། «ལེགས་བཤད་ལྗོན་དབང་»ནང་བསྟན་པའི་པ་བའི་ཕྲད་སྦྱོར་གྱི་འགྲེལ་ལུགས་དེ་ལྟར་བྱས་ན་ལེགས་ཚུལ་གླེང་བརྗོད་བྱས་ཡོད།
[བརྡ་ཆད་གཙོ་བོ] རྩ་འགྲེལ། བདག་སྒྲ། མིང་མཐའ། པ་བ། ཕྲད་སྦྱོར།
        གླེང་གཞི།
        དུས་རབས་བཅུ་བའི་ནང་བརྩམས་པར་གྲགས་པའི་«སྨྲ་སྒོ་མཚོན་ཆ་»ལས་བ་ཡིག་བདག་སྒྲར་མི་བཞེད་པས། ལྟ་བ་དེའི་རྗེས་འབྲངས་ནས་བོད་ཀྱི་བརྡ་སྤྲོད་སྨྲ་བའི་མཁས་དབང་དང་དཔྱོད་ལྡན་པ་ཁ་ཅིག་གིས་དེ་ལུགས་སུ་འགྲེལ་མཛད་གནང་ཡོད་ནའང་། དོན་གྱིས་བ་ཡིག་བདག་སྒྲར་འགྲོ་མིན་དེ་གནའ་བོའི་ཡིག་རྙིང་དང་སྔོན་བྱོན་མཁས་པའི་གསུང་རབ། སུམ་འགྲེལ་གྱི་གཞུང་ཕལ་མོ་ཆེ། དེ་མིན་བོད་སྐད་ཀྱི་ཆོས་ཉིད་དང་མཐུན་མིན་བཅས་ལ་གཞིའམ་ཁུངས་བཅོལ་ནས་གླེང་དགོས་པ་ཡིན་ཞིང་། ད་ལྟ་ང་ཚོས་སྲོལ་རྒྱུན་གྱི་ཐ་སྙད་མང་པོ་ཞིག་བེད་སྤྱོད་གནང་སྐབས་བདག་སྒྲའི་པ་བ་གཉིས་ཀྱི་སྦྱོར་ཚུལ་གཅིག་གྱུར་ཞིག་མིན་ཏེ། རང་རང་གི་ལུགས་སམ་ཡུལ་སྐད་ཀྱི་རྗེས་སུ་འབྲངས་ནས་ཐ་སྙད་གཅིག་ལ་ལོ་ཙཱ་བ་དང་ལོ་ཙཱ་པ་ཞེས་པ་བ་གཉིས་ཀྱི་ཕྲད་སྦྱོར་མི་འདྲ་བ་རྣམས་དང་། གཅིག་མཐུན་མིན་པའི་བདག་སྒྲའི་པ་བ་སྦྱོར་ཚུལ་དེ་དག་སྔོན་བྱོན་མཁས་པའི་གསུང་རབ་ན་ཇི་ལྟར་བྱུང་བ་དང་། བརྡ་སྤྲོད་ཀྱི་གཞུང་འགྲེལ་རྣམས་སུ་བཞེད་ཚུལ་གང་འདྲ་ཡིན་པ་སོགས་ཀྱི་སྐོར་གླེང་བར་འདོད་དེ།
        དང་པོ། ཡིག་རྙིང་དུ་བྱུང་བའི་བདག་སྒྲ་པ་བ་གཉིས་ཀྱི་འཇུག་ཚུལ།
        སྤྱི་ལོ༧༦༣ལོར་བཞེངས་པའི་«ཞོལ་རྡོ་རིང་ཕྱི་མའི་ཡི་གེ་»ལས་བྱང་ཤར་ལྷོ་གསུམ་གྱི་ཡི་གེ་ན། བཙནཿཕོ་ཞེས་པ་བརྒྱད་དང་། བཙནཿཔོ་ཞེས་པ་བཞི། རྒྱལཿཕོ་དང་བློནཿཔོ་ཞེས་པའི་ཐ་སྙད་གཅིག་རེར་བྱུང་ཡོད་པ་རྣམས་ཀྱི་ཕོ་པོ་གཉིས་མིང་གི་ཆ་ཤེས་སུ་གྱུར་བའི་བདག་སྒྲ་ཡིན་ལ།  ཡིཿགེཿཔའྀ་ཞེས་པ་གཅིག་དང་། འཕནཿཡུལཿབའྀ་1ཞེས་པ་གཉིས་བྱུང་ཡོད་པ་ནི་པ་བ་གཉིས་བདག་པོའི་སྒྲར་གོ་བ་བཅས་བསྡོམས་ན་བདག་སྒྲའི་ཐ་སྙད་བཅུ་དྲུག་བྱུང་ཡོད།
        སྤྱི་ལོ༨༢༣ལོར་བཞེངས་པའི་«ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་»ལས་ཤར་ལྷོ་ནུབ་བྱང་གི་ཡི་གེ་ན། རྒྱལཿཔོ་ཞེས་པ་དགུ་དང་། བློནཿཔོ་ཞེས་པ་བཅུ་དང་། བཙནཿཔོ་2ཞེས་པ་དྲུག་བཅས་བྱུང་ཡོད་པ་རྣམས་ཀྱི་པོ་སྒྲ་ནི་མིང་ཆ་ཤས་སུ་གྱུར་བའི་བདག་སྒྲ་ཡིན་ཞིང་། དེ་མིན་རྡོ་རིང་དང་ཡིག་ཚང་གཞན་ལས་བདག་པོའི་སྒྲ་ལ་བ་ཡིག་གཏན་ནས་མ་བྱུང་བ་ཞིག་མིན་ཏེ། སྐུཿསྲུངསཿའཕནཿཡུལཿབའྀ་ཞེས་ཐ་སྙད་གཉིས་བྱུང་བའི་བ་ཡིག་བདག་པོའི་སྒྲ་རུ་གྱུར་བའི་ཕྱིར་དང་། «གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་»ལས་གནག་རབས་ཞེས་པའི་ཚན་པ་ན། “ཀླུ་རྗེ་བཙན་བ་འྀས་……”ཞེས་པའི་ཐ་སྙད་མང་པོ་ཞིག་དང་། “ཀླུ་རབ་བཙན་བ་འིས་……”3ཞེས་པའི་ཐ་སྙད་གཅིག་བཅས་བྱུང་ཡོད་ལ། རྣེལ་དྲྀ་འདུལ་བའི་ཐབས་སོགས་ཞེས་པའི་ཚན་པ་ན། “བལྟད་མོ་བ་ལ་……”4ཞེས་པའི་ཐ་སྙད་གཅིག་བྱུང་བ་རྣམས་ཀྱི་བ་ཡིག་བདག་པོ་སྟོན་པའི་སྒྲ་རུ་གྱུར་བའི་ཕྱིར།
        གཞན་ཡང་«ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་»དེབ་དང་པོའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་ལས། “ཐེ་ཚོམ་ཐམས་ཅད་གཅོད་པ་པོ་དང་ཆོས་ཐམས་ཅད་གསུང་བ་པོ་” 5ཞེས་དང་། «དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས་»དེབ་དང་པོའི་འདུལ་བ་ཐོར་བུ་ལས། “གཅེར་བུ་པ་ལྷག་མ་གཞན་ཡང་རྐྱེན་རྐྱེན་ཀྱྀ་སྟན་ལ་བཀོད་དེ་” 6ཞེས་དང་། ལས་བརྒྱ་རྩ་གཅིག་པོ་ལས། “དགྲ་བཅོམ་བ་བསད་པ་མ་ཡིན་ནམ་” 7ཞེས་དང་། “དགེ་སློང་པ་དང་དགེ་སློང་མ་དང་དགེ་སྦྱོང་པ་དང་དགེ་སྦྱོང་མ་” 8ཞེས་དང་། ད་དུང་ཆོས་ཚན་དེར་དགེ་སློང་པ་དང་དགེ་སློང་བ། དགེ་སློང་ཕ་བཅས་འབྲི་ཚུལ་མི་འདྲ་བ་གསུམ་བྱུང་བ་བཅས། དེ་དག་གི་པ་བ་ཕ་གསུམ་གྱིས་དགེ་སློང་ཕོ་མཚོན་པ་དང་། མ་ཡིས་དགེ་སློང་མོ་མཚོན་པར་བྱས་ཡོད། «དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས་»དེབ་དྲུག་པའི་འཕགས་པ་ཐམས་ཅད་ཡོད་པར་སྨྲ་བ་འི་རྩ་བ་འི་དགེ་སློང་མ་འི་སོ་སོ་ཐར་པ་འི་མདོ་འྀ་འགྲེལ་པཱ་ལས། “བློ་ལྡན་བས་ནྀ་ཤེས་ན་” 9ཞེས་དང་། འཕགས་པ་བགྲེས་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའྀ་མདོ་ལས། “བྱེད་པ་པོ་ཞེའམ། བྱེད་དུ་འཇུག་པ་པོ་ཞེའམ། ལེན་པ་པོ་ཞེའམ། འདོར་བ་པོ་” 10ཞེས་པའི་བ་པོ་གཉིས་ནི་བདག་པོ་སྟོན་པའི་སྒྲ་རུ་གྱུར་ཡོད།
        གོང་དུ་དྲངས་པའི་ཡིག་རྙིང་རྣམས་སུ་བདག་པོའི་སྒྲ་ནི། ཡིཿགེཿཔའྀ། འཕནཿཡུལཿབའྀ། ཀླུ་རྗེ་བཙན་བ། ཀླུ་རབ་བཙན་བ། བལྟད་མོ་བ། གཅོད་པ་པོ། གསུང་བ་པོ། གཅེར་བུ་པ་། དགྲ་བཅོམ་བ། དགེ་སློང་པ། དགེ་སློང་བ། བློ་ལྡན་བས། བྱེད་པ་པོ། འཇུག་པ་པོ། ལེན་པ་པོ། འདོར་བ་པོ་བཅས་ཡིན་ལ། དེ་དག་གི་ཕྲད་སྦྱོར་ལ་བལྟས་ན། མཐའ་མེད་དམ་རྗེས་འཇུག་མེད་མཐར། གེ—པ། མོ—བ། བུ—པ། པ—པོ་སྒྲ་བཞི། བ—པོ་སྒྲ་གཉིས་དང་། རྗེས་འཇུག་ན་མཐར་བ་སྦྱར་གསུམ་དང་། ང་མ་གཉིས་ཀྱི་མཐར་བ་སྦྱར་གཅིག་རེར་བྱུང་ཡོད་པ་རྟོགས་ཐུབ།
        གཉིས་པ། གསུང་རབ་ན་བྱུང་བའི་བདག་སྒྲ་པ་བ་གཉིས་ཀྱི་འཇུག་ཚུལ།
        «ཐེག་ཆེན་གཡང་དྲུང་བོན་གྱི་བཀའ་འགྱུར་»ལས་མདོ་སྡེ་ན། “དམུ་རྗེ་བཙན་བས་ཡིད་ཕྲོག་གི་” 11ཞེས་དང་། སྔགས་སྡེ་ན། “དེ་རིང་རྣམ་སྤྲུལ་གཤེན་ལ་མཐའ་ཡས་ཀྱང་༔ཀུན་ལས་ཁྱད་འཕགས་ལྷ་སྲས་མི་རྗེ་བ་༔” 12ཞེས་གསལ་བའི་དམུ་རྗེ་བཙན་བ་དང་མི་རྗེ་བ་གཉིས་ཀྱི་བ་ཡིག་བདག་པོའི་སྒྲ་རུ་མངོན་པ་དང་། «བཀའ་འགྱུར་གསེར་བྲིས་མ་»(གོང་མ་ཁང་ཞི་སྐབས་སུ་བྲིས་པའི་སྣ་རིང་བསྐྱར་པར་མ་)ཡི་དཔལ་གྱི་སྡེའི་རྟོགས་པ་བརྗོད་པ་ན། “བདག་རྩེ་ཞིང་ལྡད་(ལྟད)མོ་ལྟར་མཆིས་པ་ལས་སློང་མོ་བ་ལོང་བ་འོན་པ་ལྐུགས་པ་མང་པོ་དང་མཇལ་བས་མྱ་ངན་གྱི་ནོམ་པར་གྱུར་” 13ཞེས་དང་། ཡང་དེ་ལས། “གསེར་མདོག་གི་སྔོན་གྱི་སྦྱོར་བ་ཞེས་བྱ་བ་སྒྲ་བསྒྱུར་གྱི་ལོ་ཙྪ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བཅོས་ཏེ་གཏན་ལ་ཕབ་པ་” 14ཞེས་དང་། གསེར་མདོག་གི་སྔོན་གྱི་སྦྱོར་བ་ཞེས་བྱ་བ་ན། “ཕོ་བྲང་གི་སྒོ་ཡོང་ནས་སྒོ་སྲུང་བ་ལ་རྒྱལ་བུ་དོན་གྲུབ་ད་ལྟར་ག་ལ་འདུག་ཅེས་དྲིས་” 15ཞེས་པ་སོགས་བྱུང་བའི་སློང་མོ་བ་དང་། ལོ་ཙྪ་བ། སྒོ་སྲུང་བ་རྣམས་ཀྱི་བ་ཡིག་བདག་པའི་སྒྲའམ་དོན་ལ་འཇུག་པ་གསལ་བོ་ཡིན།
        དེ་བཞིན་«རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་»ཞོལ་པར་མའི་(ཀ)དུམ་པ་ན། “བླ་མ་ལོ་ཙཱ་བ་དོན་བཟང་པ་ལ་……”16ཞེས་དང་། སྐུ་འབུམ་པར་མའི་(ཀ)དུམ་པ་ན། “བླ་མ་ལོ་ཙྪ་བ་དོན་བཟང་བ་ལ་……”17ཞེས་དང་། བླ་བྲང་པར་མའི་(ཀ)དུམ་པ་ན། “བླ་མ་ལོ་ཙཱ་པ་དོན་བཟང་བ་ལ་……”18ཞེས་གསུང་འབུམ་གཅིག་གི་པར་གཞི་མི་འདྲ་བ་དག་ན་ཡུལ་དུས་མི་འདྲ་བའི་དབང་གིས་པ་བ་སྦྱོར་ཚུལ་ལ་ཁྱད་པར་ཡོད་པ་དཔེར་ན། ཞོལ་པར་མ་ན་ལོ་ཙཱ་བ་ཞེས་ཙ་ལ་འ་བཏགས་ནས་བ་སྦྱར་ཡོད་པ་དང་། སྐུ་བུམ་པར་མ་ན་ལོ་ཙྪ་བ་ཞེས་ཙ་ལ་ཚ་བཏགས་ནས་བ་སྦྱར་ཡོད་པ། བླ་བྲང་པར་མ་ན་ལོ་ཙཱ་པ་ཞེས་ཙ་ལ་འ་བཏགས་ནས་པ་སྦྱར་ཡོད་པ་ལྟ་བུ་དང་། དེ་མིན་བདག་པོ་སྟོན་པའི་མིང་འདིའི་ཙཱ་ཞེས་ཞོལ་དང་བླ་བྲང་པར་མ་གཉིས་མཐུན་ཡང་པ་བ་སྦྱོར་ཚུལ་སོ་སོ་བ་དང་། བ་ཡིག་སྦྱར་བ་ཞོལ་དང་སྐུ་འབུམ་གཉིས་མཐུན་ཡང་ཙཱ་དང་ཙྪ་ཞེས་ཡི་གེ་འབྲི་སྟངས་མི་འདྲ་བ་བྱུང་ཡོད་ལ། དོན་བཟང་བ་ཞེས་ལོ་ཙཱ་བའི་མཚན་འདི་སྐུ་འབུམ་དང་བླ་བྲང་པར་མ་གཉིས་མཐུན་ཡང་། ཞོལ་པར་མ་ན་པ་སྦྱར་ཡོད་པས་ཐམས་ཅད་གཅིག་མཚུངས་ཤིག་མིན་པ་ལྟ་བུ་ཡིན། དོན་དུ་ཚང་མ་བདག་པོའི་སྒྲ་ལ་འཇུག་པ་ཁྱད་པར་མེད།
        གསུམ་པ། བརྡ་སྤྲོད་གཞུང་དུ་བསྟན་པའི་བདག་སྒྲ་དང་དེའི་ངོས་འཛིན་ཚུལ།
        སུམ་ཅུ་པའི་རྩ་བ་ན། “གང་མིང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །” 19ཞེས་གསུངས་པ་ལས། ཕྲད་གང་དག་དང་སྦྱོར་ཚུལ་གང་ཡིན་མ་བསྟན་པའི་ཕྱིར་ན། རྩ་ཚིག་འདིའི་གཙོ་གནད་དུ་གྱུར་བ་པུ་ལིངྒ་ཞེས་པའི་པུ་ཡིག་འདི་ལ་འགྲེལ་ལུགས་དང་ངོས་འཛིན་སྣ་ཚོགས་ཤིག་བྱུང་ཡོད། མིག་སྔར་ལག་སོན་བྱུང་བའི་འགྲེལ་བ་རྣམས་སྔ་ཕྱིའི་ལོ་ཚིགས་ལྟར་བྱས་ཏེ། ལྟ་བའི་གནད་མི་འདྲ་བའི་ཆ་རྣམས་རིམ་བཀོད་ན་འདི་ལྟར།
        དུས་རབས་བཅུ་བའི་ནང་ཙམ་ལ་པཎྚི་ཏ་སྨྲི་ཏིའམ་བོད་སྐད་དུ་དྲན་པ་ཡེ་ཤེས་གྲགས་པས་མཛད་པའི་«སྨྲ་སྒོ་མཚོན་ཆ་»ལས། “པ་འམ་ཅན་ནི་བདག་པོ་འམ། །ལྡན་པའི་དོན་དུ་སྦྱར་བར་བྱ། །”ཞེས་བྱུང་བར་རང་འགྲེལ་དུ་པ་དང་ཅན་གཉིས་བདག་པོའམ་ལྡན་པའི་དོན་ལ་འཇུག་ཚུལ་གཞི་གསེར་དང་སྦྱར་ནས། གསེར་དང་ལྡན་པ་ནི་གསེར་པ་ཞེས་པའམ། གསེར་ཅན་ཞེས་པ་ལྟ་བུའོ། །ཞེས་དཔེར་བཀོད་པའི་མུར། “བ་ནི་སྤྱི་རུ་བཞག་པ་སྟེ། །ཡུལ་དུས་ངེས་པར་མ་བཟུང་བའོ། །བཟའ་བ་བཟའ་དང་ཟ་པོ་བཞིན། །མ་ནིང་དག་ཏུ་བཞག་པར་བྱ། །”ཞེས་བ་ཡིག་ནི་ཡུལ་དུས་མ་ངེས་པའི་དོན་ལ་འཇུག་ཚུལ་གསུངས་པ་དང་། དེ་རྗེས། “དཔེར་ན་ཟ་བ་ཞེས་བྱ་བ་ནི་བཟའ་བ་དང་། ཟ་བ་པོ་རྣམས་ཀྱི་སྤྱིར་འཇུག་པ་ལྟ་བུའོ། །དེ་གཅིག་ཏུ་ཚང་བར་མི་སྟོན་པའི་ཕྱིར་མ་ནིང་དག་ཏུ་བཞག་པར་བྱ་བ་ཡིན་” 20 ཞེས་ཟ་བ་ལྟ་བུ་ཟ་བ་པོ་བདག་ཁོ་ན་མ་ཡིན་པར་བཟའ་བ་ཡི་དོན་དང་ལྡན་པའི་ཕྱིར་ན་མ་ནིང་དུ་བཞག་པ་ཡིན་ཚུལ་དང་། དོན་གྱིས་བ་ཡིག་བདག་པོའི་དོན་སྟོན་བྱེད་དུ་མི་འགྲོ་བར་གསུངས་ཡོད། གཞུང་འདིར་པུ་ལིངྒ་ཞེས་པའི་ཐ་སྙད་དང་འགྲེལ་བརྗོད་གང་ཡང་མེད་ཀྱང་ཕྱིས་ཀྱི་བརྡ་སྤྲོད་མཁན་པོ་སི་ཏུ་སོགས་ཀྱིས་ཚད་མར་བཟུང་ནས་དེ་ལུགས་སུ་འགྲེལ་མཛད་གནང་ཡོད།
        སུམ་ཅུ་པའི་རྩ་ཚིག་གཞིར་བཟུང་ནས་པུ་ལིངྒའི་འགྲེལ་མཛད་སྐོར་ལ། དབུས་པ་བློ་གསལ་རྩོད་པའི་སེངྒེ་(བཅོམ་ལྡན་རིག་པའི་རལ་གྲིའི་སློབ་མ་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཡིན་ལ། ཁོང་ནི་རབ་བྱུང་བཞི་བའི་ནང་བྱོན། དུས་རབས་བཅུ་གཉིས་པ་ཡིན་ཞེས་ཐོན་མའི་ཞལ་ལུང་དུ་གསལ།)ཡིས་མཛད་པའི་«སུམ་ཅུ་པའི་འགྲེལ་བ་»ལས། “པུ་ལིངྒ་ནི་སྐྱེས་བུའམ་ཕོ་རྟགས་སུ་འགྲེལ་སྟེ། ཕོའི་རྟགས་ཀྱི་སྒྲ་ལ་སོགས་པ་མེད་པ་དག་ལ། པུ་ལིངྒ་སྒྲ་ལ་སོགས་པ་སྦྱར་ན་གསེར་པ་དང་རྟ་པ་དང་ཤིང་པ་ལ་སོགས་པ་བདག་པོའི་བྱེད་པ་པོའི་སར་ཤེས་པར་བྱའོ་” 21ཞེས་བདག་པོའི་དོན་ལ་དངོས་བསྟན་དུ་པ་ཡིག་གཅིག་པུ་བཞག་ཀྱང་། “པུ་ལིངྒ་སྒྲ་ལ་སོགས་པ་”ཞེས་སོགས་སྒྲ་སྦྱར་ནས་ཤུགས་སུ་བདག་པོ་སྟོན་པའི་ཕྲད་དུ་མ་ཞིག་ཡོད་པར་བསྟན་པ་ལྟ་བུ་དང་། དེ་བཞིན་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་(༡༤༤༡ལོ་ནས་༡༥༢༧)མཛད་པའི་«སློབ་དཔོན་ཨ་ནུས་མཛད་པའི་བོད་ཀྱི་སྐད་ཀྱི་གསུང་རབ་ལ་འཇུག་ཚུལ་སུམ་ཅུ་པའི་རྣམ་འགྲེལ་»ལས། གང་ཡང་རུང་བའི་མིང་གི་མ་མཐའ་ན། པུ་རུ་ཥ་ནི་སྐྱེས་བུ་སྟེ། དེའི་རུ་དང་ཥ་ཕྱིས་པའི་པུ་ཡིག་ཀྱང་སྐྱེས་པའི་ཕོ་མཚོན་པའི་བརྡ་ཡིན་ལ། ལིངྒ་ཞེས་རྟགས་སམ་མཚན་མ་སྟེ། པུ་ལིངྒ་ཡི་སྒྲ་པ་ཡིག་ལྟ་བུ་མེད་པ་དེ་ལ་པུ་ལིངྒའི་སྒྲ་སྦྱར་ན་དེ་དག་བདག་པོའི་སར་ནི་ཤེས་པར་བྱ་ཞེས་པ་སྟེ། དཔེར་ན། རྟ་པ་ནས་ཚོང་པ་ཞེས་པའི་བར་དཔེར་ལྔ་བཀོད་པའི་མཐར། འདི་ལ་ཁ་ཅིག་ཏུ་བ་ཕྱེད་ཀྱང་སྣང་སྟེ། ཁ་ལོ་བ། ཞེས་སོགས་དཔེར་དྲུག་བཀོད་པ་དང་། དེ་རྗེས། “ཁ་ཅིག་ཏུ་ཅན་ཡིག་སྟེ། རལ་གྲི་ཅན། འཁོར་ལོ་ཅན་སོགས་དང་། འདིས་མཚོན་ནས། བློ་ལྡན་ཤེས་ལྡན་སོགས་ཀྱང་བདག་པོའི་སར་ཤེས་པར་བྱའོ་” 22ཞེས་བ་ཡིག་དང་ཅན་ཡིག་བདག་སྒྲ་ལ་འཇུག་ཚུལ་ཁ་ཅིག་གི་དཔེ་དྲངས་ཡོད་པ་མ་ཟད། ལྡན་ཡིག་ཀྱང་བདག་སྒྲ་ལ་འཇུག་པའི་དཔེ་གཉིས་བཀོད་ཡོད་པ་ལྟ་བུ་དང་།  དེ་མིན་པུ་རུ་ཥ་ཞེས་པའི་འགྲེལ་ལུགས་འདི་ལ། དབྱངས་ཅན་སྙེམས་པའི་བློ་གྲོས་ཀྱི་བརྡ་སྤྲོད་ན། “སྐབས་འདིར་པུ་རུ་ཥ་ནི་བདག་དང་། ལིངྒ་ནི་རྟགས་སམ་མཚན་མར་འཇུག་པས་ན། པུ་རུ་ཥའི་རུ་ཥ་བྱིས་ནས་ལིངྒ་དང་སྦྱར་ན་པུ་ལིངྒ་སྟེ་བདག་པོའི་རྟགས་སམ་མཚན་མ་ཞེས་འགྱུར་ཏེ། འདོད་འཇོ་ལས། པུ་རུ་ཥཿནི་བདག་དང་མི། ཞེས་གསུངས་པའི་ཕྱིར་རོ་” 23ཞེས་གསལ་འགྲེལ་གནང་ཡོད།  པྲ་ཏི་རིན་ཆེན་དོན་གྲུབ་(དུས་རབས་བཅུ་དྲུག་པའི་དུས་སྨད་ཙམ་ལ་འཁྲུངས)ཀྱིས་མཛད་པའི་«སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན་»ལས། “པུ་ལིངྒར་བསྡུས་པ་ནི། སྐྱེས་པའི་རྟགས་སམ་ཕོ་རྟགས་ཞེས་པའོ། །རྟགས་དེ་ནི་པ་བ་པོ་ཅན་རྣམས་སོ། །”ཞེས་དང་། ཡང་དེ་ཉིད་ལས། “བུམ་པ་དང་། ཀ་བ་ལྟ་བུའི་པ་དང་བ་ནི། རང་མིང་གི་ཆ་ཤས་སུ་ཐོག་མ་ཉིད་ནས་གྲུབ་པས་བདག་པོའི་སྒྲ་མིན་པ་ནི། པུ་ལིངྒ་ཡི་སྒྲ་མེད་པ། །ཞེས་གསུངས་པ་ཉིད་ཀྱིས་ཤེས་སོ། །དེ་ལྟར་པ་བ་པོ་ཅན་གྱི་སྒྲ་ནི་བདག་པོའམ་བདེན་པའི་དོན་དུ་སྦྱོར་ཞིང་། དེའི་སར་ནི་ཤེས་པར་བྱའོ་” 24ཞེས་བདག་སྒྲ་དང་མིང་གི་ཆ་ཤས་གཉིས་ཀྱི་ཁྱད་པར་གསལ་བར་བསྟན་པ་ལྟ་བུ་ཡིན། གོང་ཞུས་བརྡ་སྤྲོད་མཁན་པོ་འདི་དག་གི་སུམ་འགྲེལ་གཞུང་དུ་བསྟན་པའི་པུ་ལིངྒའི་སྒྲ་རྣམས་བསྡོམས་ན། པ་བ་པོ་ཅན་ལྡན་བཅས་ལྔ་ཡོད།
        སི་ཏུ་ཆོས་ཀྱི་འབྱུང་གནས་(༡༧༠༠ལོ་ནས༡༧༧༤)ཀྱིས་མཛད་པའི་«མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་»ལས། “འདིར་པུ་ལིངྒ་དང་སྟྲི་ལིངྒ་ཞེས་པའི་དོན་ཀྱང་བོད་སྐད་དུ་གྲགས་པའི་ཐ་སྙད་ལ་བྱེད་པ་པོ། འབྱིན་པ་པོ། ཞི་བ་པ། ལྷ་པ། ཆོས་པ། ལྟ་བུའི་པ་དང་པོའི་སྒྲས་སྐྱེས་པར་མཚོན་ཞིང་དེ་ལས་ལྡོག་སྟེ། བྱེད་པ་མོ། འབྱིན་པ་མོ། ཞི་བ་མ། ལྷ་མ། ཆོས་མ་ལྟ་བུའི་མ་དང་མོས་སྒྲས་བུད་མེད་དུ་མཚོན་པར་བྱེད་པའི་རྒྱུ་མཚན་གྱིས་སྒྲ་དེ་དང་དེ་དག་ལ་སྐྱེས་པའི་རྟགས་དང་བུད་མེད་ཀྱི་རྟགས་ཀྱི་མིང་གིས་བསྟན་པར་ཤེས་པར་བྱའོ་” 25ཞེས་བུད་མེད་ཀྱི་རྟགས་མ་དང་དེ་ལ་དབྱངས་ཨོ་སྦྱར་བ་མོ་གཉིས་ཀྱང་བདག་པོའི་སྒྲར་བསྟན་པ་དང་། ཡང་དེ་ཉིད་ལས། “སྐབས་འདིར་འགྲེལ་བ་ཁ་ཅིག་གིས། བ། ཅན། ལྡན་རྣམས་ཀྱང་པུ་ལིངྒའི་སྒྲར་འདོད་པར་སྣང་བ་འཐད་པར་མ་མཐོང་སྟེ། དེ་དག་ལ་བཤད་མ་ཐག་པ་ལྟར་གྱི་པུ་ལིངྒའི་སྒྲ་འཇུག་པའི་རྒྱུ་མཚན་མེད་པའི་ཕྱིར་དང་། ཅན་དང་ལྡན་གྱི་སྒྲ་གཉིས་གང་ཞིག་གང་ལ་ཡོད་པར་སྟོན་པའི་ཆ་ནས་བདག་སྒྲ་དང་མཚུངས་པ་ཡོད་ཀྱང་དེ་དག་བེམ་པོ་ལའང་འཇུག་པས་བདག་སྒྲ་མ་ངེས་པའི་ཕྱིར་དང་། བ་ཡིག་ནི་པུ་ལིངྒའི་སྒྲ་དངོས་སུ་འགྱུར་བ་ལྟ་ཅི་སྨོས། སྤྱིར་བདག་པོ་སྟོན་བྱེད་ཙམ་དུའང་མི་འཇུག་པའི་ཕྱིར་རོ་” 26ཞེས་དང་། “ཡང་འགའ་ཞིག་གིས། པ་བ་ཅན་རྣམས་འཇུག་པ་མཚུངས་པའི་སྒྲུབ་བྱེད་དུ། པ་བ་ཅན་ནི་བདག་པོའམ། །ལྡན་པའི་དོན་དུ་སྦྱར་བར་བྱ། །ཞེས་སྨྲ་སྒོའི་ལུང་འདྲེན་མོད། །དེའི་དཔེ་དག་པ་རྣམས་སུ། པའམ་ཅན་ནི་བདག་པོའམ། །ཞེས་འབྱུང་ཞིང་འགྲེལ་བར་ཡང་གསེར་པ་དང་གསེར་ཅན་ཞེས་དཔེར་བརྗོད་པ་ལས་བ་ཡིག་དཔེར་བརྗོད་མ་བྱུང་བར་མ་ཟད་གཞུང་གི་དེ་མ་ཐག་ཏུ། བ་ནི་སྤྱིར་རུ་བཞག་པ་སྟེ། །ཡུལ་དུས་ངེས་པར་མ་བཟུང་བའོ། །ཟ་བ་བཟའ་དང་ཟ་པོ་བཞིན། །མ་ནིང་དག་ཏུ་བཞག་པར་བྱ། །” 27ཞེས་དང་། “ལྷ་ས་བ། སེར་ར་བ། ལྟ་བུ་རྣམས་ནི་གྲོང་པའི་སྐད་ཕལ་བ་ཙམ་དུ་ཟད་པས་དཔེར་མི་འོས་ཏེ། དེ་འདྲ་ལ་ཡིད་བརྟན་འཆའ་ན་ནོར་བ་མང་པོའང་ཁས་ལེན་དགོས་པར་འགྱུར་ཞིང་། དེ་དག་དག་པར་འདོད་ན། ལྷ་ས་པ། སེ་ར་པ། ལྟ་བུ་བརྗོད་རིགས་པའི་ཕྱིར་རོ་” 28ཞེས་སྒྲུབ་བྱེད་དུ་མར་བརྟེན་ནས་བ་ཡིག་སྨྲ་སྒོ་དང་མཐུན་པར་བདག་སྒྲར་མི་འཇུག་ཚུལ་དང་། ཅན་ལྡན་གཉིས་ཀྱང་བེམ་པོ་ལ་འཇུག་པའི་བདག་སྒྲར་མི་འགྲོ་བའི་རྒྱུ་མཚན་དང་བཅས་གསུངས་ཡོད།
        དངུལ་ཆུ་དྷརྨ་བྷ་དྲ་(༡༧༧༢ལོ་ནས༡༨༥༡)ཡིས་མཛད་པའི་«སུམ་རྟགས་ཀྱི་རྣམ་བཤད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་དུ་འབོད་པའི་དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ་»ལས། “སྔ་མོར་བཀྲ་ཤིས་ལྷུན་པོར་མཐོང་བའི་རྗེ་ཞྭ་དམར་བའི་མཛད་པའི་འགྲེལ་ལུགས་བློ་ཡུལ་དུ་གང་ངེས་ལ་གཞི་བྱས་ནས། པུ་ཞེས་པ་པ་སྡེ་དང་། ལིངྒ་ཞེས་པ་རྟགས་ཏེ་པ་སྡེ་ནས་བྱུང་བའི་ཕོ་རྟགས་པ་དང་པོ། མ་ནིང་གི་རྟགས་བ་དང་བོ། མོ་རྟགས་མ་དང་མོ་རྣམས་མིང་གི་ཆ་ཤས་སུ་སྔར་མེད་པ་ལ་གསར་དུ་སྦྱར་ན་བདག་པོའི་སྒྲར་འགྱུར……”29ཞེས་དང་། “པུ་ལིངྒའི་པུ་ཞེས་པ་པ་སྡེ་ལ་ངོས་འཛིན་པ་དེ། རྗེ་ཞྭ་དམར་བའི་འགྲེལ་ལུགས་སུ་མ་ཟད། སྒྲ་པ་ཎི་པ་དང་། ཙནྡྲ་པ་གཉིས་ཀར་ཨུཏ་ཀྱི་སྡེ་དང་བཅས་པའོ། །ཞེས་དང་། དབྱངས་ཅན་སྒྲ་མདོ་ལས་ཀུ་ཙུ་ཊུ་ཏུ་པུ་སྡེ་བ་རྣམས་སོ། །ཞེས་གསུངས་པས་སྒྲ་མདོ་ཆེན་པོ་རྣམས་ཀྱི་དགོངས་པར་གནས་ཤིང་” 30ཞེས་པུ་ལིངྒའི་པུ་ཡིག་དེ་སྒྲ་མདོ་ལྟར་རང་གི་སྡེ་བའི་པ་སྡེ་ཡིན་པར་འགྲེལ་བརྗོད་བྱས་ཡོད། འགྲེལ་མཛད་མཁས་པ་དེ་དག་གི་གཞུང་ན། པུ་ལིངྒ་ཞེས་པའི་ལིངྒ་ནི་རྟགས་སམ་མཚན་མ་ལ་གོ་བས་གཅིག་མཐུན་ཡིན་ཡང་། པུ་ཞེས་པ་སྐྱེས་པའི་ཕོ་མཚོན་པར་བཞེད་པ་ཞིག་དང་། པུ་རུ་ཥ་ནི་སྐྱེས་བུ་སྟེ། དེའི་རུ་དང་ཥ་ཕྱིས་པའི་པུ་ཡིག་ཀྱང་སྐྱེས་པའི་ཕོ་མཚོན་པའི་བརྡ་ཡིན་པར་བཞེད་པ་གཉིས་ནི་ཁ་གསལ་མིན་གྱི་ཁྱད་པར་མ་གཏོགས་བསྟན་བྱ་གཅིག་ཏུ་ངེས་པ་དང་། དེ་བཞིན་པུ་ཡིག་དེ་སྒྲ་མདོ་ལྟར་རང་གི་སྡེ་བའི་པ་སྡེ་ཡིན་པར་འགྲེལ་ལུགས་བཅས། བཞེད་ཚུལ་གསུམ་ཡོད་བྱུང་ཡོད། འགྲེལ་སྟངས་དེ་དག་ནི་པུ་ཡིག་འགྲེལ་སྟངས་ཀྱི་ཁུངས་སམ་ཕྱི་མོར་གྱུར་བས་ན། ཕྱིས་ཀྱི་བརྡ་སྤྲོད་གཞུང་གི་འགྲེལ་བ་རྣམས་སུ་དེ་དག་གང་རུང་གི་རྗེས་སུ་འབྲངས་ནས་འགྲེལ་བ་མཛད་ཡོད། ཡིན་ཡང་གོ་བ་ལེན་སྟངས་དང་ངོས་འཛིན་ཐད་ནས་ཕན་ཚུན་བར་དགག་སྒྲུབ་མཛད་པའང་ཡོད་དེ། དཔེར་ན། གཞན་ཕན་ཕྲིན་ལས་རྡོ་རྗེས་བརྩམས་པའི་«སུམ་རྟགས་ཀྱི་དཀའ་འགྲེལ་བློ་ལྡན་དགྱེས་པའི་རོལ་མོ་»ལས། “དེའི་པུ་ཞེས་པ་བོད་ཀྱི་པ་སྡེ་ལ་གོ་དགོས་ན། དེའི་ཊུ་སྡེ་ཞེས་པ་བོད་ཀྱི་སྡེ་བ་གང་ལ་གོ་དགོས་ཤིང་། བོད་ཀྱི་ཞ་སྡེ་སོགས་ལ། དེའི་སྡེ་བ་འདི་ཡིན་ཞིག་ཀྱང་སྨྲ་དགོས་པར་ཐལ་ན་ཅི་ཞིག་སྨྲ། པ་སྡེའི་རྟགས་ཞེས་པ་རུང་བའི་དབང་དུ་བྱས་ནའང་། དེའི་རྟགས་ཅན་གྱི་ཡི་གེ་ནི། པ་ཕ་བ་མ་བཞི་ག་ཡིན་ཁྱབ་མཉམ་དུ་གྲུབ་པས། ཕ་ཡིག་གིས་བདག་སྒྲ་སྦྱོར་བའི་བརྡ་སྤྲོད་སྔ་ན་མེད་པ་ཞིག་ཀྱང་མཛད་རན་པ་སོགས་འགལ་འདུ་བཟོད་པར་དཀའ་བའི་གཟེབ་ཏུ་བསམ་བཞིན་དུ་འཛུད་པར་བྱས་པ་ནི་ཅིའི་ཉེས་སྙམ་དུ་སེམས་པར་གྱུར་” 31ཞེས་པ་སྡེར་མི་གོ་བའི་སྒྲུབ་བྱེད་ཕ་ཡིག་བདག་སྒྲར་མི་འགྲོ་བར་བཀོད་འདུག་པ་དང་། འཇམ་དཔལ་ཡེ་ཤེས་རྒྱལ་མཚན་གྱི་བརྡ་སྤྲོད་ལས། “པ་པོ་བདག་སྒྲ་ཅིའི་ཕྱིར་གསུངས་ཤེ་ན། རྒྱུ་མཚན་གསུམ་སྟེ། པུ་ལིངྒ་ཡི་པུ་དང་མིང་གཞི་མཐུན་པ་ནི་པ་སྡེ་ཉིད་དུ་ཡོད་པའི་དང་པོ་པ་དེ་ཡིན་པའི་ཕྱིར་དང་། སྐྱེས་པས་དབང་བྱེད་པའི་དུས་རབས་སུ་སྤྱི་ཚོགས་ལྟ་བས་ཤན་ཞུགས་ནས་པུ་ལིངྒ་སྟེ་ནུས་ལྡན་གྱི་སྐྱེས་པ་བདག་པོའི་གནས་སུ་འདོད་དགོས་པའི་ཕྱིར་དང་། པ་སྡེ་ནང་ནས་ཀྱང་མིང་གཞི་རྟགས་ཀྱི་དབྱེ་བའི་སྐབས་པ་ཉིད་ཕོར་འཇོག་དགོས་པའི་ཕྱིར་ན། རྒྱུ་མཚན་དེ་གསུམ་གྱིས་ཐོན་མིས་པ་པོ་བདག་སྒྲ་བཞེད་པ་རུ་ངེས་པ་རྙེད་དགོས་སོ་” 32ཞེས་བྱུང་བ་སོགས་ལྟ་བུའོ། །
        བདག་པོའི་སྒྲ་ངོས་འཛིན་ཐད་ནས་བརྗོད་ན། སི་ཏུ་པཎ་ཆེན་གྱིས་ཅན་ལྡན་གཉིས་བེམ་པོ་ལ་འཇུག་པས་བདག་སྒྲར་མི་བཞེད་པ་ལ། «བཀའ་འགྱུར་གསེར་བྲིས་མ་»ཡི་བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པ་ན། “བསོད་ནམས་ཅན་ནི་ནད་མེད་ཅིང……”33ཞེས་དང་། “སྐྱེས་བུ་གཏི་མུག་ཅན་ཁྱོད་ད་ལྟར་རྒྱལ་པོ་ཟླ་འོད་བྱམས་པའི་བདག་ཉིད་ཅན་” 34ཞེས་བསོད་ནམས་ཅན་དང་། གཏི་མུག་ཅན། བདག་ཉིད་ཅན་སོགས་ཀྱི་ཅན་བདག་དོན་ལ་འཇུག་པ་དང་། དེ་བཞིན་གསེར་མདོག་གི་སྔོན་གྱི་སྦྱོར་བ་ཞེས་བྱ་བ་ན། “དགེ་སྦྱོང་དག་དང་བྲམ་ཟེ་ཤེས་ལྡན་དེ་དག……”35ཅེས་པའི་ཤེས་ལྡན་དང་། དེ་དང་རིགས་འདྲ་བ་དཔྱོད་ལྡན་སོགས་ཀྱི་ལྡན་རྣམས་ནི་བདག་པོའི་དོན་དུ་སོང་བ་མང་པོ་ཞིག་དང་། དགའ་བཞི་བ་བསྟན་འཛིན་དཔལ་འབྱོར་གྱིས་མཛད་པའི་«བོད་ཀྱི་བརྡ་སྤྲོད་སྒྲ་རིག་གི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཀྱི་རྩ་འགྲེལ་ལེགས་པར་བཤད་པ་ཚིག་ཉུང་དོན་བཟང་ཨུཏྤ་ལ་ཡི་རྣ་རྒྱན་»(༡༨༡༠ལོར་བརྩམས་ཞེས་ཐོན་མའི་ཞལ་ལུང་དུ་གསལ།)ལས། “གཞན་ཡང་སེམས་ལྡན་ཙམ་དུ་མ་ཟད་སེམས་མེད་ལའང་སྦྱར་རུང་སྟེ། དཔེར་ན། གསེར་ཞེས་བརྗོད་ན་དངོས་པོ་བྱེ་བྲག་པའི་མིང་ཡིན་ཀྱང་། གསེར་པ་ཞེས་བདག་སྒྲ་སྦྱར་ན་གསེར་དང་བཅས་པའི་མི་ཡོད་པ་དང་། ཞིང་ལའང་ཞིང་པ་ཞེས་བདག་སྒྲ་བཏགས་པས་ས་ཞིང་ཁེར་རྐྱང་མིན་པར་ཞིང་ལས་བྱེད་མི་ཡོད་པའི་དོན་སྟོན་ནུས་ལ་” 36ཞེས་བྱུང་བ་དང་། ཡང་སི་ཏུས། ལྷ་ས་བ། སེར་ར་བ། ལྟ་བུ་རྣམས་ནི་གྲོང་པའི་སྐད་ཕལ་བ་ཙམ་དུ་ཟད་པས་དཔེར་མི་འོས་པར་བཞེད་པ་ལ། མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་མཛད་པའི་«ཐོན་མིའི་ཞལ་ལུང་»ལས། “འོན་ཀྱང་མུ་ཏིག་ཕྲེང་མཛེས་ལས། ལྷ་ས་བ། སེ་ར་བ། ལྟ་བུ་རྣམས་ནི་གྲོང་བའི་སྐད་ཕལ་བ་ཙམ་དུ་ཟད་པས་དཔེར་མི་འོས། །ཞེས་བཤད་པ་འཐད་པར་མ་མཐོང་སྟེ། ཆོས་སྐད་དང་ཡིག་སྐད་གང་ཡིན་ཡང་ཐོག་མར་སྐྱེ་བོ་དམངས་ཀྱི་ཁ་སྐད་དང་མཐུན་པར་བཟོས་པའི་གནད་འགག་འདི་དོར་ན་ནི་རང་གིས་གང་བཤད་མཐའ་དག་ཡིད་བརྟན་མེད་པའི་འཆལ་ཚིག་ཏུ་འགྱུར་ཉེན་ཆེ་” 37ཞེས་དང་། རྗེ་དམུ་དགེ་བསམ་གཏན་གྱིས་མཛད་པའི་«བརྡ་སྤྲོད་བློ་གསལ་དགའ་སྟོན་»ལས། “ལྷ་ས་བ། སེ་ར་བ་རྣམས་ལ་བ་ཕྱེད་ཀྱི་སྒྲ་ཐོན་པའང་མཐའ་མེད་མཐར་བ་དྲངས་པ་ཡིན་པའི་ཕྱིར། དེ་དག་ནི་གྲོང་བའི་ཕལ་སྐད་ཡིན་པས། ཡིད་བརྟན་འཆའ་མི་རུང་ངོ་ཞེ་ན། ཡུལ་གྲུ་འགའ་ཞིག་གི་ཡུལ་སྐད་ཁོ་ན་ཡིན་པ་ལ་ཡིད་བརྟན་འཆའ་མི་རུང་བ་བདེན་མོད། བོད་ཀྱི་གྲོང་བ་དང་འབྲོག་པ་སྤྱིའི་སྐད་ནི་གྲོང་བའི་སྐད་ཕལ་བ་ཡིན་པས། ཡིད་བརྟན་འཆའ་མི་རུང་ངོ་ཞེ་ན། དེས་ན་བོད་ཀྱི་ཡི་གེ་དེ་ཉིད་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་གཞིགས་ནས་གསར་གཏོད་པ་མ་ཡིན་པར་འགྱུར་ལ། ཡིད་བརྟན་འཆའ་རུང་བའི་སྐད་ཅིག་མེད་པར་འགྱུར་ལ། ལེགས་སྦྱར་ལ་ཡིད་བརྟན་འཆའ་དགོས་སོ། །ཞེ་ན། འོ་ན་སློབ་དཔོན་ཐོན་མིས་ལེགས་སྦྱར་གྱི་དབྱངས་གསལ་ལ་འདོར་ལེན་འབོར་ཆེན་བྱས་པར་མ་ཟད་གསལ་བྱེད་གསར་སྣོན་དང་། འཕུལ་དང་རྗེས་འཇུག མགོ་ཅན་གསུམ་དང་འདོགས་ཅན་བཞི་སོགས་རིགས་འཕྲུལ་བླ་ན་མེད་པ་གསར་གཏོད་གནང་བ་ལ་དགོས་པ་མེད་པར་འགྱུར་རོ་” 38ཞེས་སོགས་གསུངས་ནས་བ་ཡིག་བདག་སྒྲར་འོས་པའི་སྒྲུབ་བྱེད་བཀོད་པ་ལྟར་ཡིན།
        བཞི་པ། པ་བ་གཉིས་ཀྱི་ཕྲད་སྦྱོར་འཕེལ་རིམ།
        ༡ མིང་མཐའ་པ་བའི་ཕྲད་སྦྱོར།
        འབྲེལ་ཡོད་ཡིག་ཆ་ལྟར་ན། པ་བ་གཉིས་ཀྱི་ཕྲད་སྦྱོར་ལ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་(༡༠༤༩ལོ་ནས༡༡༠༩)ཀྱིས་མཛད་པའི་«དག་ཡིག་ཉེར་མཁོ་བསྡུས་པ་»ལས། “ག་ད་བ་ས་ན་མ་ནི། །ཟག་པ་མེད་པའི་བྱ་བ་ནི། །ཐོབ་པ་ཉེས་པ་ལས་གྲོལ་ནས། །འགྲོ་ལ་ཕན་པའི་བསམ་པས་གནས། །ང་འ་ར་ལ་འདོགས་ཅན་དང་། །རྐྱང་བའི་རྗེས་སུ་བ་ཕྱེད་ཝར། །འབོད་པ་རྣམས་ལ་བ་སྦྱར་ཞིང་། །གཞན་ལ་པ་ཉིད་སྦྱར་ཏེ་དཔེར། །བཏུང་བ་དགའ་བ་མྱུར་བར་འཐུང་། །མཇལ་བ་ཞི་བ་ཚ་བར་འདོད། །ལུང་པ་མདའ་པ་འབྱོར་པ་ཆེ། ཡུལ་པ་ཕུབ་པ་བྱ་བ་མང་། །” 39ཞེས་རྗེས་འཇུག་ག་ད་བ་ས་ན་མ་—པ་ཞེས་སྦྱོར་པའི་དཔེ་ལ། ཟག་པ། མེད་པ། ཐོབ་པ། ཉེས་པ། ཕན་པ། བསམ་པ།  བཅས་རྗེས་འཇུག་གི་རིམ་པ་ལྟར་བཀོད་པ་དང་། རྗེས་འཇུག་ང་འ་ར་ལ་དང་འདོགས་ཅན། རྐྱང་བའམ་རྗེས་འཇུག་མེད་པ་བཅས་ཀྱི་མཐར་—བ་ཞེས་སྦྱོར་པའི་དཔེ་ལ། བཏུང་བ། འདའ་བ། མྱུར་བ། མཇལ་བ། ཞི་བ། ཚ་བ། བཅས་བཀོད་པ་དང་། རྩ་ཚིག་དང་མཐུན་པ་ནི་ཁོང་གི་དགོངས་པ་དང་འདོད་ལུགས་དངོས་ཡིན་ལ། མཇུག་ཏུ“ལུང་པ་མདའ་པ་འབྱོར་པ་ཆེ། །ཡུལ་པ་ཕུལ་པ་བྱ་བ་མང་། །” 40ཞེས་ལུང་པ་དང་མདའ་པ་ལྟ་བུ་སོགས་རྗེས་འཇུག་ང་འ་ར་ལ་—པ་སྦྱོར་བའང་ཡང་མང་ཞེས་གསུངས་ཡོད། འདི་ནི་མིང་མཐའི་པ་བའི་དབང་དུ་བྱས་ནས་གསུངས་པ་ལས་བདག་པོའི་སྒྲ་ལ་དཔེ་བཀོད་པ་ཞིག་མ་རེད། བསྟན་བཅོས་འདིར་པུ་ལིངྒ་ཞེས་པའི་རྩ་ཚིག་དང་འགྲེལ་མཛད་གང་ཡང་མེད་ཀྱང་། ཕྲད་སྦྱོར་འདི་ནི་མིག་སྔར་ལག་སོན་བྱུང་བའི་དཔྱད་གཞི་རྣམས་ལས་པ་བ་གཉིས་ཀྱི་ཕྲད་སྦྱོར་ཐོག་མ་དང་། ཕྱིས་ཀྱི་བརྡ་སྤྲོད་མཁན་པོ་རྣམས་ཀྱི་པ་བའི་ཕྲད་སྦྱོར་གྱི་ཁུངས་སམ་གཞི་ལྟ་བུར་གྱུར་ཡོད།
        ས་པཎ་ཀུན་དགའ་རྒྱལ་མཚན་(༡༡༨༢ལོ་ནས༡༢༥༡)གྱིས་མཛད་པའི་«བསྟན་བཅོས་མཁས་པའི་ཁ་རྒྱུན་»ལས། “ག་ད་བ་ས་རྣམས་ཀྱི་ཕ་རོལ་ཏུ་པའོ། །ང་ར་ལ་རྣམས་ཀྱི་ཝ་ཡང་ནའོ། །ན་མ་དག་གི་པ་ཡང་ནའོ། །འ་འི་ཝའོ། །ས་མཐའ་ཅན་བོར་བའི་ཡང་ངོ་། །” 41ཞེས་གསུངས་པའི་དཔེ་ལ་གཞུང་དེ་ཉིད་དུ། “དག་པ། ཡོད་པ། གྲུབ་པ། ཤེས་པའོ་”ཞེས་དང་། “འབྱུང་བ། འགྱུར་བ། དལ་བ། གང་བ། གྱུར་བ། ཆལ་བ་” ཞེས་དང་། “གཞེན་པ། རམ་པ། རིམ་པ་”ཞེས་དང་། “དཔའ་བ། དགའ་བ། དྲོ་བ། དྲ་བ་” 42བཅས་བཀོད་ཡོད་ལ། རྩ་ཚིག་འདིའི་ཝ་ཡིག་ནི་བ་ཡིག་ལ་གོ་དགོས་པ་དང་། ཕྲད་སྦྱོར་ནི་རྗེས་འཇུག་ག་ད་བ་ས་ན་མ་རྣམས་ཀྱི་མཐར་པ་དང་། ང་འ་ར་ལ་མཐའ་མེད་རྣམས་ཀྱི་མཐར་བ་ཡིག་སྦྱོར་དགོས་ཞེས་ཕྲད་སྦྱོར་གྱི་རྩ་དོན་རྔོག་ལོ་ཙཱ་བའི་བཞེད་ལུགས་རྒྱུན་འཛིན་བྱས་ཡོད།
        དེ་རྗེས་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི་«དག་ཡིག་ཟ་མ་ཏོག་»ལས། “ག་ད་བ་ས་ན་མ་པ། །”ཞེས་པའི་དཔེ་ལ། “ཟག་པ་མེད་པའི་བདེ་བ་ནི། །ཐོབ་པ་ཉེས་པ་ལས་གྲོལ་ནས། །འགྲོ་ལ་ཕན་པའི་བསམས(བསམ)པ་གནས། །”ཞེས་ཟག་པ། མེད་པ། ཐོབ་པ། ཉེས་པ། ཕན་པ། བསམ་པ་བཅས་ཀྱི་རྗེས་འཇུག་རིམ་པ་བཞིན་དུ། ག་ད་བ་ས་ན་མ—པ་དང་།  དེ་ནས། “ང་འ་ར་ལ་འདོགས་ཅན་དང་། །རྐྱང་བའི་རྗེས་སུ་བ་ཕྱེད་ཝར། །འབོད་པ་རྣམས་ལ་བ་སྦྱར་ཞིང་། །གཞན་ལ་པ་ཉིད་སྦྱར་ཏེ་དཔེར། །”ཞེས་པའི་འཕྲོར། “བཏུང་བ་འདའ་བ་མྱུར་བར་འཐུངས། །མཇལ་བར་ཞུ་བ་ཚ་བ་འདོད། །”ཅེས་བཏུང་བ། འདའ་བ། མྱུར་བ། མཇལ་བ། ཞུ་བ། ཚ་བ། བཅས་ཀྱི་རྗེས་འཇུག་རིམ་པ་བཞིན་དུ། ང་འ་ར་ལ་དང་མཐའ་མེད—བ་ལྟ་བུ། རྩ་ཚིག་དང་མཐུན་པ་ནི་ཁོང་གི་དགོངས་པ་དང་འདོད་ལུགས་ཡིན་ལ། མཇུག་ཏུ་“ལུང་པ་མདའ་པ་འབྱོར་པ་ཆེ། །ཡུལ་ཕ་(པ)ཕུལ་པ་བྱ་བ་མང་། །” 43ཞེས་ལུང་པ་དང་མདའ་པ་ལྟ་བུ་སོགས་རྗེས་འཇུག་ང་འ་ར་ལ—པ་སྦྱོར་བའང་མང་ཞེས་རྔོག་ལོ་ཙཱ་བའི་བཞེད་ལུགས་རྒྱུན་འཛིན་བྱས་ཡོད།
        དེ་ནས་དཔལ་ཁང་ལོ་ཙཱ་བས་མཛད་པའི་«དག་ཡིག་ངག་སྒྲོན་»(༡༥༣༨ལོར་བརྩམས་ཞེས་ཐོན་མིའི་ཞལ་ལུང་དུ་གསལ།)ལས། “མིང་མཐའི་པ་བའི་དབྱེ་བ་ནི། །ག་ད་ན་བ་མ་ས་དང་། །ད་དྲག་ཅན་མཐར་པ་དང་ནི། །ང་འ་ར་ལ་མཐའ་མེད་མཐའི། །བ་ཕྱེད་ཝར་འབོད་རྣམས་ལ་བ།” 44ཞེས་པའི་དཔེ་ལ། “ཟག་པ་མེད་པ་ཕན་པ་མཆོག །ཐོབ་པ་དམ་པ་མཁས་པ་རུ། །” 45ཞེས་ཟག་པ། མེད་པ། ཕན་པ། ཐོབ་པ། དམ་པ། མཁས་པ། བཅས་ཀྱི་རྗེས་འཇུག་ག་ད་ན་བ་མ་ས་ཀྱི་རྗེས་སུ་པ་སྦྱར་བ་དང་། དེ་རྗེས། “གྱུར་བ་དང་བ་ལ་དགའ་བ། །མྱུར་བར་མཇལ་བར་སྤྲོ་བ་ལས། །”ཞེས་གྱུར་བ། དང་བ། དགའ་བ། མྱུར་བ། མཇལ་བ། སྤྲོ་བ་བཅས་ཀྱི་རྗེས་འཇུག་ང་འ་ར་ལ་དང་མཐའ་མེད་ཀྱི་རྗེས་སུ་བ་སྦྱར་ཡོད་ལ། དེ་ཡང་རྩ་ཚིག་དང་མཐུན་པ་ཞིག་ཡིན། མཇུག་ཏུ། “ལུང་པ་མདའ་པའི་འབྱོར་པ་ཡིས། །ཡུལ་པ་ཕུལ་པ་ཚིམ་སོགས་དཔྱད། །”ཅེས་ལུང་པ་དང་མདའ་པ་ལྟ་བུ་ནི་དཔྱད་བྱའི་ཡུལ་དུ་བཀོད་ཡོད། གོང་དུ་དྲངས་པའི་ཕྲད་སྦྱོར་འདི་དག་གི་དམིགས་པ་གཏད་ས་གཙོ་བོ་ནི་མིང་མཐའ་ཡིན་པ་ལས་བདག་སྒྲ་མིན་པ་དཔེར་བརྗོད་ལས་རྟོགས་ཐུབ་པ་ཡིན།
        ༢ བརྡ་སྤྲོད་གཞུང་འགྲེལ་གྱི་བདག་སྒྲ་དང་མིང་མཐའ་པ་བའི་ཕྲད་སྦྱོར།
        བརྡ་སྤྲོད་གཞུང་གི་འགྲེལ་བ་རྣམས་ལས་བདག་སྒྲའི་པ་བ་གཉིས་ཀྱི་ཕྲད་སྦྱོར་ཐོག་མར་གསུངས་མཁན་ནི་དངུལ་ཆུའི་དབོན་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེས་(༡༨༠༩ལོ་ནས་༡༨༨༢ལོ་)ཡིན་ལ། ཁོང་གིས་མཛད་པའི་«སུམ་ཅུ་པའི་སྙིང་པོ་བསྡུས་པ་ལེགས་བཤད་ལྗོན་པའི་དབང་པོ་»ལས། “ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བའང་ཕལ་ཆེར་འདྲ། །མ་ནི་ངེས་མེད་སྐབས་དང་སྦྱར། །” 46ཞེས་གསུངས་ཤིང་། ཁོང་གི་རང་འགྲེལ་དོན་གསལ་ན། ན་རོ་ཡོད་པའི་པོ་དང་། བོ་དང་། མོ་གསུམ་དང་། ན་རོ་མེད་པའི་པ་དང་། བ་དང་། མ་དྲུག་པོ་དེ་སྔར་མིང་གི་ཆ་ཤས་མེད་པ་ལ་གསར་དུ་སྦྱར་ན། བདག་པོའི་སྒྲར་འགྲོ་ཚུལ་དཔེ་དང་སྦྲགས་ནས་བཀོད་ཡོད་པ་དང་། ཕྲད་དེ་རྣམས་ཀྱི་སྦྱོར་ཚུལ་ནི། རྗེས་འཇུག་ག་ད་ན་བ་མ་ས་དང་། ད་དྲག་མཐར་པ་འཐོབ་པའི་དཔེ་ལ།  གཡག་པ་སོགས་དཔེར་དགུ་བཀོད་ཡོད། དེ་བཞིན་“བདག་སྒྲ་ཡར་གྱུར་བ་དང་ནི། །”ཞེས་པའི་དཔེ་ལ། གཞིས་རྩེ་བ་སོགས་དཔེ་ལྔ་བཀོད་པ་དང་། འདིར་ཡར་གྱུར་བ་ཞེས་པའི་དོན་ནི་བདག་པོའི་སྒྲ་དེ་ཚེག་བར་གཅིག་རྐྱང་བར་བྱས་ཏེ་འདོན་པ་ལ་ཟེར་ཞིང་། གཞིས་རྩེ་ཞེས་ཆ་ལྟར་ཀློག་པ་དང་། བ་ཞེས་རྐྱང་བར་ཀློག་པས་བདག་སྒྲ་རྐྱང་བར་གྱུར་བ་དེ་ལ་བ་སྦྱར་ན་འོས་པ་དང་། “ཆ་ལ་པ་ཉིད་སྦྱོར་བ་ལེགས། །”ཞེས་པའི་དཔེ་ལ། མདའ་པ་སོགས་དཔེ་ལྔ་བཀོད་ཡོད།  ཆ་ལ་པ་ཉིད་ཅེས་པའི་དོན་ཡང་མིང་གི་ཆ་ཤས་སུ་སྔར་མེད་པ་ལ་གསར་དུ་སྦྱར་ན་བདག་པོའི་སྒྲར་འགྱུར་བ་དེ་ཆའམ་ཚེག་བར་གཉིས་མཉམ་དུ་འདོན་པ་ལ་ཟེར་ཏེ། མདའ་པ་ཞེས་ཆ་ལྟར་ཀློག་པས་དེ་ལ་པ་སྦྱར་ན་ལེགས་ཞེས་པའི་དོན་ཡིན།
        དེ་རྗེས་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་མཛད་པའི་«ཐོན་མིའི་ཞལ་ལུང་»ལས། “འདིར་མཁས་པ་སོ་སོའི་ལེགས་བཤད་ཀྱི་སྙིང་པོ་བསྡུས། ཁ་སྐད་ཀྱི་འཇུག་པ་དང་མཐུན་པར་བྱས་པའི་རང་ལུགས་ནི། པ་པོ་བ་བོ་མ་མོ་སྟེ་བདག་སྒྲ་དངོས་ཀྱི་དབང་དུ་བཏང་བའི་དྲུག་དང་། བདག་སྒྲ་དང་ཕྱོགས་མཚུངས་པའི་རིགས་སུ་གྱུར་པ། ཅན་དང་། ལྡན་རྣམས……”47ཞེས་བདག་སྒྲ་དངོས་དང་ཕྱོགས་མཚུངས་པའི་ཕྲད་ཀྱི་དབྱེ་བ་གཉིས་བསྟན་པ་དང་། པ་བ་གཉིས་ཀྱི་ཕྲད་སྦྱོར་ལ་གཞུང་དེ་ཉིད་དུ། “ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །”ཞེས་གསུངས་པ་དང་། པ་ཡིག་བདག་སྒྲར་འཇུག་པའི་དཔེ་ལ། “འབྲོག་པ། ལས་བྱེད་པ། གསོལ་ཐབ་པ། ཤིང་བརྐོས་པ། ཡོན་ཏན་པ། ལམ་པ་”ཞེས་དང་། པ་ཡིག་མིང་མཐའ་ལ་འཇུག་པའི་དཔེ་ལ། “ཐག་པ། སྐུད་པ། བཅིབ་པ། རུས་པ། མུན་པ། ནོམ་པ་”ཞེས་བཀོད་པ་དང་། ཡང་བ་ཡིག་བདག་སྒྲར་འཇུག་པའི་དཔེ་ལ། “རོང་བ། མཐའ་བ། ཤར་བ། འགྲུལ་བ། ལྷ་ས་བ་” ཞེས་དང་། བ་ཡིག་མིང་མཐའ་ལ་འཇུག་པའི་དཔེ་ལ། རྐང་བ། བཅའ་བ། དར་བ། འོལ་བ། ཀ་བ་” 48ཞེས་གསལ་བར་གསུངས་ཡོད། དེའི་པ་བ་གཉིས་ཀྱི་ཕྲད་སྦྱོར་ནི་བདག་སྒྲ་དང་མིང་མཐའ་གཉིས་ལ་དགོངས་ནས་གསུངས་པ་ཧ་ཅང་གསལ་བོ་ཡིན། རྗེ་དམུ་དགེ་བསམ་གཏན་གྱིས་མཛད་པའི་«བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་»ལས། “ག་ད་ན་བ་མ་ས་དང་། །ད་དྲག་ཅན་མཐར་པ་དང་པོ། །ང་འ་ར་ལ་མཐའ་མེད་མཐར། །བ་དང་བོ་ཉིད་སྦྱོར་བ་སྟེ། །ཅན་ལྡན་ངེས་མེད་སྐབས་དང་སྦྱར། །” 49ཞེས་གསུངས་པའི་མཐར། བདག་སྒྲ་དང་མིང་མཐའ་གཉིས་ཀྱི་ཕྲད་སྦྱོར་གྱི་དཔེ་ཡང་དེ་ལྟར་བཀོད་ཡོད། མཁས་དབང་རྣམ་པ་འདི་གཉིས་ཀྱི་པ་བའི་ཕྲད་སྦྱོར་ལ་ཚིག་སྡེབ་ཀྱི་ཁྱད་པར་ཅུང་ཟད་ཕུད། ལྟ་བའི་དགོངས་གཞི་གཅིག་ཏུ་གྱུར་བས། རྗེས་འཇུག་སློབ་མ་རྣམས་ཀྱིས་པ་བའི་ཕྲད་སྦྱོར་དེ་ལུགས་སུ་འདྲེན་ལ། «ཐོན་མིའི་ཞལ་ལུང་»ལས་ཁ་སྐད་ཀྱི་འཇུག་པ་དང་མཐུན་པར་བྱས་གསུངས་པ་ལྟར། ཕྲད་སྦྱོར་དེ་ནི་ཨ་མདོའི་ཁ་སྐད་ཀྱི་འཇུག་པ་དང་མཐུན་པའི་ཕྱིར་ན། ཨ་མདོའི་བོད་རིགས་ཤེས་ལྡན་པ་རྣམས་ཀྱིས་བདག་སྒྲ་དང་མིང་མཐའ་གང་ཡིན་ཡང་པ་བའི་ཕྲད་སྦྱོར་ཁོང་རྣམ་གཉིས་ཀྱི་ལུགས་ལྟར་འཛིན་པ་དར་ཆེ།
        གོང་གསལ་དཔྱད་གཞི་དེ་དག་ལས། པ་བ་གཉིས་ཀྱི་ཕྲད་སྦྱོར་ཐོག་མ་མིང་མཐའི་པ་བ་ཡིན་པ་དང་། མིང་མཐའི་སྦྱོར་ལུགས་དེ་ཡང་། «ཐེག་ཆེན་གཡང་དྲུང་བོན་གྱི་བཀའ་འགྱུར་»ལས་སྔགས་སྡེ་ན། “དེ་ནས་ལྷ་མོ་དེ་ཡང་སྐུ་ལུས་བདེ་བ་དང་༔ ཉམས་དགའ་བ་དང་༔ མདངས་དང་ལྡན་པ་དང་༔ གཟི་བརྗིད་ལྷག་པ་དང་༔  ཐུགས་གསལ་བ་དང་༔ ” 50ཞེས་དང་། «བཀའ་འགྱུར་གསེར་བྲིས་མ་»ཡི་དཔལ་གྱི་སྡེའི་རྟོགས་པ་བརྗོད་པ་ན། “རྒྱལ་པོའི་ཕོ་བྲང་དེར་རྒྱལ་པོ་དཔལ་གྱི་སྡེ་ཞེས་བྱ་བ་སྟོབས་ཀྱི་འཁོར་ལོས་སྒྱུར་བ། གཟུགས་བཟང་བ། མཛེས་པ། ལྟ་ན་སྡུག་པ། ཁ་དོག་བཟང་བ་རྒྱས་པ་མཆོག་དང་ལྡན་པ། རང་བཞིན་གྱིས་སྐྱེ་བ་དྲན་པ། ཆོས་དང་ལྡན་པ་” 51ཞེས་བདེ་བ། དགའ་བ། ལྡན་པ། ལྷག་པ། གསལ་བ། སྒྱུར་བ། བཟང་བ། མཛེས་པ། སྡུག་པ། བཟང་བ། རྒྱས་པ། ལྡན་པ། སྐྱེ་བ། དྲན་པ་རྣམས་དང་། ད་དུང་«བཀའ་འགྱུར་གསེར་བྲིས་མ་»ན། གཏན་ལ་ཕབ་པ་དང་། མཆོད་པ། བསམ་པ་སོགས་ཀྱི་ཐ་སྙད་མང་པོ་ཞིག་ཡོད་པ་རྣམས་ཀྱི་མིང་མཐའི་པ་བ་སྦྱོར་ཚུལ་ནི། ག་ད་བ་ས་ན་མ་རྣམས་ཀྱི་མཐར་པ་དང། ང་འ་ར་ལ་མཐའ་མེད་རྣམས་ཀྱི་མཐར་བ་སྦྱར་ཡོད་པ་རྟོགས་ཐུབ་པ་མ་ཟད། སྔོན་གྱི་ཡིག་རྙིང་སོགས་ན་མིང་མཐའི་པ་བ་སྦྱོར་ཚུལ་ཕལ་ཆེར་དེ་ལྟར་ཡོད་པའི་ཕྱིར་ན། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་སོགས་ཀྱིས་མིང་མཐའ་པ་བའི་ཕྲད་སྦྱོར་སྐོར་ལ་སྡོམ་ཚིག་དེ་ལྟར་བཀོད་པ་ཡིན་ལ། སྡོམ་དེ་ཡང་ཚིག་སྦྱོར་གྱི་ཁྱད་པར་ཅུང་ཟད་ཕུད་ལྟ་བའི་དགོངས་གཞི་དང་གནད་གཅིག་ཏུ་གྱུར་ཡོད་པ་དང་། བརྡ་སྤྲོད་གཞུང་གི་འགྲེལ་བ་རྣམས་ལས། དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་«ལེགས་བཤད་ལྗོན་དབང་»ལས། ག་ད་ན་བ་མ་ས་དང་། ད་དྲག་ཅན་མཐར་པ་ཞེས་དང་། ང་འ་ར་ལ་མཐའ་མེད་མཐར་བ་ཞེས་དང་། ཡུལ་སྐད་བྱེ་བྲག་པའི་བརྗོད་སྟངས་དང་འབྲེལ་ཆ་ཡ་ཞེས་དངོས་བསྟན་གཉིས་དང་། ཤུགས་བསྟན་དུ་སྦྱོར་ལུགས་དམིགས་བསལ་ཅན་བཅས་གསུམ་ཡོད་ཚུལ་བསྟན་ཡོད། མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་མཛད་པའི་«ཐོན་མིའི་ཞལ་ལུང་»ལས། བདག་སྒྲ་དང་མིང་མཐའ་གཉིས་ཀྱི་ཕྲད་སྦྱོར་ལ། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །ཞེས་དང་། རྗེ་དམུ་དགེ་བསམ་གཏན་གྱིས་མཛད་པའི་«བློ་གསལ་འཇུག་ངོགས་»ལས། ག་ད་ན་བ་མ་ས་དང་། །ད་དྲག་ཅན་མཐར་པ་དང་པོ། །ང་འ་ར་ལ་མཐའ་མེད་མཐར། །བ་དང་བོ་ཉིད་སྦྱོར་བ་སྟེ། །ཞེས་གསུངས་པ་སོགས་ལས་རྟོགས་ཐུབ།
        པ་བའི་ཕྲད་སྦྱོར་གྱི་སྡོམ་ཚིག་ཕན་ཚུན་བསྡུར་ན། ཚིག་སྦྱོར་མི་འདྲ་བའི་ཁྱད་པར་ཡོད་ནའང་། མིང་མཐའ་པ་བའི་ཕྲད་སྦྱོར་ཏེ། «ལེགས་བཤད་ལྗོན་དབང་»ལས་བདག་སྒྲ་པ་བའི་ཕྲད་སྦྱོར་གསུམ་བསྟན་པའི་དང་པོ་རྗེས་འཇུག་ལ་བལྟས་ནས་འཇོག་པ་དེ་དང་། མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་བདག་སྒྲ་དང་མིང་མཐའ་གཉིས་ལ་གཅིག་མཐུན་དུ་མཛད་པའི་ཕྲད་སྦྱོར་དང་། རྗེ་དམུ་དགེ་བསམ་གཏན་གྱིས་མཛད་པའི་ཕྲག་སྦྱོར་བཅས་གཅིག་མཚུངས་སུ་བྱུང་ཡོད་ལ། ཕྲད་སྦྱོར་དེ་དག་གི་ཁྱད་ཆོས་མདོར་བསྡུས་ན། རྗེས་འཇུག་ག་ད་བ་ས་ན་མ་དང་ད་དྲག་རྣམས་ཀྱི་མཐར་པ་དང་། ང་འ་ར་ལ་མཐའ་མེད་རྣམས་ཀྱི་མཐར་བ་ཡིག་སྦྱར་ཡོད་པ་དེ་ཡིན།
        ལྔ་པ། གསུང་རབ་ཀུན་དང་མཐུན་པའི་པ་བ་གཉིས་ཀྱི་ཕྲད་སྦྱོར།
        ༡ མིང་མཐའི་པ་བ།
        པ་བ་གང་རུང་མིང་གི་ཆ་ཤས་སུ་ཐོག་མར་གྲུབ་པའི་རིགས་དེ་ལ། «དག་ཡིག་ངག་སྒྲོན་»ལས་མིང་མཐའི་པ་བ་ཞེས་གསུངས་པ་དང་།  «ཀུན་བཟང་དགོངས་རྒྱན་»ལས་མིང་གི་ཆ་ཤས་ཞེས་གསུངས་མོད། དོན་དུ་མིང་མཐའམ་མིང་གི་ཆ་ཤས་དེར་པ་བ་གང་རུང་སྦྱར་ནས་གྲུབ་པའི་མིང་དེར་ཟེར་བ་ཡིན། མིང་དེ་རིགས་ཀྱི་ཁྱད་ཆོས་ལ་གཞིགས་ན།  རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་སོགས་ཀྱིས་མཛད་པའི་མིང་མཐའ་པ་བའི་འཇུག་པ་དང་ཕལ་ཆེར་མཐུན་ནའང་། མཐའ་གཅིག་ཏུ་མ་ངེས་ཏེ། ཞྭ་ལྷ་ཁང་གི་རྡོ་རིང་གཉིས་པའི་ཡི་གེ་ལས། “ཞོར་ཤ་ཆེར་ཕུལ་པ་” 52ཞེས་པའི་ཕུལ་པ་དང་། ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་ཡི་གེ་ལས་བྱང་ངོས་ཀྱི་ཡི་གེ་ན། “གཉེན་རྙིང་པའྀ་སྲི་ཞུ་ནྀ་བསྟུད་” 53 ཅེས་པའི་རྙིང་པ་དང་། སྒྲ་སྒྱུར་མར་པ་ལོ་ཙཱ་བའི་གསུང་འབུམ་ལས་རིང་བརྒྱུད་བཀའ་བཞི་བླ་མའི་རྣམ་ཐར་གྱི་ཆོས་ཚན་ན། “སྐལ་པ་དང་བྲལ་བ་རྣམས་གཞན་དུ་དེངས་” 54ཞེས་པའི་སྐལ་པ་དང་། དེ་ཉིད་ལས་ཉེ་བརྒྱུད་བླ་མའི་རྣམ་ཐར་གྱི་ཆོས་ཚན་ན། “བསྐལ་པ་བྱེ་བ་ཕྲག་བརྒྱ་རུ་” 55ཞེས་པའི་བསྐལ་པ་དང་། ས་པཎ་གྱིས་མཛད་པའི་«བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་བཤད་»ལས། “ཡི་གེ་ཞེས་པ་རྐང་པ་གཉིས་ཀྱིས་བསྟན་ཏོ་” 56ཞེས་པའི་རྐང་པ་དང་། “རྐྱང་པ་དང་ནི་ཀ་ཁ་ལ་སོགས་པའོ་” 57ཞེས་པའི་རྐྱང་པ་སོགས་ཀྱི་མིང་མཐའ་ནི། ཕྲད་སྦྱོར་གྱི་སྡོམ་ཚིག་ལྟར་ན། རྗེས་འཇུག་ང་ལ་གཉིས་ཀྱི་མཐར་བ་ཡིག་སྦྱོར་བ་ཡིན་ཡང་། འདིར་དྲངས་པའི་དཔེ་རྣམས་ལས་དེ་བཞིན་མ་ཡིན་ཏེ་པ་ཡིག་སྦྱར་ཡོད་པའི་ཕྱིར་རོ། །
        དེ་བཞིན་དུ་ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་ཡི་གེ་ལས་ཤར་ངོས་ཀྱི་ཡི་གེ་ན། “དང་པོ་རྒྱ་རྗེ་ལྀ་རྒྱལ་སར་ཞུགས་ནས་” 58ཞེས་པའི་དང་པོ་དང་། «སུམ་ཅུ་པའི་རྩ་བ་»ལས། “རྗེས་འཇུག་ཡི་གེ་བཅུ་ཉིད་ལས། །དང་པོ་གསུམ་པ་ལྔ་བ་དྲུག །”ཅེས་པའི་དང་པོ་དང་། བཀའ་བསྟན་དང་གསུང་རབ་ཀུན་ཏུའང་དང་པོ་ཞེས་པོ་སྒྲ་སྦྱར་ཡོད་པ་ལས་བོ་སྒྲ་སྦྱར་མེད་པ་དང་། རྡོ་རིང་དེ་ཉིད་ཀྱི་ནུབ་ངོས་ཀྱི་ཡི་གེ་ན། “མང་པོ་ཀུན་བདེ་སྐྱིད་པར་བྱ་བ་ལ་ནྀ་དགོངས་པ་གཅྀག་” 59ཅེས་པའི་མང་པོ་དེའང་གསུང་རབ་ཀུན་ན་དེ་ལྟར་པོ་སྒྲ་སྦྱར་ཡོད་པ་དང་། བསྟན་འགྱུར་དཔེ་བསྡུར་མའི་རྒྱུད་ཀྱི་སྐོར་ན། “དབང་པོ་ནས་ནི་བསྐོར་བྱས་ཏེ་” 60ཞེས་པའི་དབང་པོ་དང་། «དུང་དཀར་ཚིག་མཛོད་ཆེན་མོ་»ལས། “དབང་པོ་ལྔ……”61ཞེས་དབང་པོ་དང་འབྲེལ་བའི་ཐ་སྙད་བཅུ་བཞི་ལ་འགྲེལ་མཛད་གནང་ཡོད་པ་རྣམས་ཀྱི་མིང་མཐའ་ལ་པོ་སྒྲ་སྦྱར་ཡོད་པ་དང་། ས་ཆེན་ཀུན་དགའ་སྙིང་པོའི་གསུང་འབུམ་ལས། “ལམ་འབྲིང་པོ་ལ་གསུམ་སྟེ་” 62ཞེས་པའི་འབྲིང་པོ་དང་། འཕྱོངས་རྒྱས་སྟག་རྩེའི་རྡོ་རིང་ཡི་གེ་ལས། “འཇིག་རྟེན་ལས་འདས་པའི་ཆོས་བཟང་པོ་བརྙེས་ནས་” 63ཞེས་པའི་བཟང་པོ་དང་། «དྲང་ངེས་ལེགས་བཤད་སྙིང་པོའི་འཇུག་ངོགས་»ལས། “ཟག་བཅས་ཀྱི་ཕུང་པོ་རྣམས་སྤང་བ་དང་། ཟག་མེད་ཀྱི་ཕུང་པོ་རྣམས་ཤེས་པ་ཡང་བཀའ་སྩལ་” 64 ཞེས་པའི་ཕུང་པོ་སོགས་ཀྱི་མིང་མཐའ་ནི། ཕྲད་སྦྱོར་གྱི་སྡོམ་ཚིག་ལྟར་ན། རྗེས་འཇུག་ང་མཐར་བ་དང་བོ་ཡིག་སྦྱོར་བ་ཡིན་ཡང་། འདིར་དྲངས་པའི་དཔེ་རྣམས་ལས་དེ་བཞིན་མ་ཡིན་ཏེ་པོ་ཡིག་སྦྱར་ཡོད་པའི་ཕྱིར། དེ་ནི་«ལེགས་བཤད་ལྗོན་དབང་»ལས་“ཆ་ལ་པ་ཉིད་སྦྱོར་བ་ལེགས་”ཞེས་གསུངས་པའི་དགོངས་དོན་དང་མཐུན་ནོ། །
        ༢ མིང་མཐའི་པ་བ་དམིགས་བསལ་ཅན།
        «དུང་དཀར་ཚིག་མཛོད་ཆེན་མོ»ལས། “ཐར་པ་ཞེས་པའི་ཐ་སྙད་ཀྱི་འགྲེལ་ན། ཉན་ཐོས་དང་རང་རྒྱལ་གྱི་ལམ་དུ་ཞུགས་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་ན་ཐར་པ་ཐོབ་པ་ཡིན་པ་དང་། སྡུག་བསྔལ་ལས་ཐར་བའི་ཐབས་ཀྱི་གཙོ་བོ་ནི་ལྷག་པའི་བསླབ་པ་གསུམ་སྟེ་ཐོག་མར་ཚུལ་ཁྲིམས་ཀྱི་བསླབ་པ་དང་ཏིང་ངེ་འཛིན་གྱི་བསླབ་པས་ཉོན་མོངས་མགོ་གནོན་པར་བྱེད་ཅིང་” 65ཞེས་པའི་ཚིག་དུམ་འདིར། ཐར་པ་དང་ཐར་བ་ཞེས་ཐ་སྙད་གཉིས་བྱུང་བའི་སྔ་མ་ནི་མིང་རྐྱང་དང་། ཕྱི་མ་ནི་ལས་ཚིག་ལ་འཇུག་པ་ཡིན་ཞིང་། དེ་བཞིན་དུ་འབྱོར་པ་བཅུ་དང་འབྱོར་པ་རྒྱས་ལྟ་བུའི་མིང་རྐྱང་ལ་པ་ཡིག་སྦྱོར་བ་དང་། ལག་ཏུ་འབྱོར་བ་རེད་ལྟ་བུའི་ལས་ཚིག་ལ་བ་ཡིག་སྦྱོར་བ་རེད། ཚོང་པ་དང་འཚོང་བ་ཡང་དེ་ལྟར་ཡིན་པ། དེ་ལྟར་མིང་གི་བསྟན་བྱའི་དོན་མི་འདྲ་བའི་དབང་གིས་མིང་རྐྱང་ལ་པ་ཡིག་དང་ལས་ཚིག་ལ་བ་ཡིག་སྦྱོར་བའང་དུ་མ་ཞིག་ཡོད་པ་དང་། གཞན་ཡང་བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་«བུ་སྟོན་ཆོས་འབྱུང་»ལས། ཤོ་ལོ་ཀ་སུམ་ཅུ་པ། ཤོ་ལོ་ཀ་དྲུག་ཅུ་པ། ཤོ་ལོ་ཀ་བདུན་ཅུ་པ་སོགས་གྲངས་གནས་མཚོན་བྱེད་ཀྱི་མིང་མཐའ་བ་ཡིག་མ་ཡིན་པར་པ་ཡིག་བྱུང་བ་སོགས། གནད་དེ་དག་ནི་«ལེགས་བཤད་ལྗོན་དབང་»གི་ཕྲད་སྦྱོར་ན། “མིང་མཐའི་པ་བའང་ཕལ་ཆེར་འདྲ་”ཞེས་ཕལ་ཆེར་གྱི་ནང་བསྟན་ཡོད་པ་རེད།
        ༣ བདག་སྒྲའི་པ་བ་དམིགས་བསལ་ཅན།
        རྗེ་ཙོང་ཁ་པ་ཞེས་པའི་པ་ཡིག་འདི་ཨ་མདོའི་ཀློག་མཁན་ཚོས་རང་གི་བདེ་ཕྱོགས་ལྟར་བ་རུ་ཀློག་པ་ཡིན་ཡང་། རྗེ་ཙོང་ཁ་པའི་གསུང་འབུམ་དང་ཁོང་གི་རྣམ་ཐར་སོགས་ན་རྗེ་ཙོང་ཁ་པ་ཞེས་པ་ཡིག་བྲིས་གནང་ཡོད་ཅིང་། ད་དུང་«མར་པ་ལོ་ཙཱ་བའི་གསུང་འབུམ་»ལས། རིང་བརྒྱུད་བཀའ་བཞི་བླ་མའི་རྣམ་ཐར་གྱི་ཆོས་ཚན་ན། “སློབ་དཔོན་ལྭ་བ་པའམ་ཨིནྡྲ་བོ་ངྷི་ཆུང་བ་ནི་” 66ཞེས་པའི་ལྭ་བ་པ་དང་། མངའ་བདག་མེེ་ཏྲི་པའི་རྣམ་ཐར་ན། “སློབ་དཔོན་མེེ་ཏྲི་པ་” 67ཞེས་པའི་མེེ་ཏྲི་པ་དང་། ཏེེ་ལོ་ཤེས་རབ་བཟང་པོའི་རྣམ་ཐར་ན། “དོན་རྟོགས་རྣལ་འབྱོར་ཏེེ་ལོ་པས་” 68ཞེས་པའི་ཏེེ་ལོ་པ་དང་། དཔལ་ནཱ་རོ་པའི་རྣམ་ཐར་དང་གསུང་མགུར་ན། “དེ་ལ་རྗེ་ནཱ་རོ་པ་ཆེན་པོ་ལ་ཡོན་ཏན་དཔག་ཏུ་མེད་ཅིང་བརྗོད་ཀྱིས་མི་ལང་ཡང་” 69ཞེས་པའི་ནཱ་རོ་པ་སོགས་ཀྱི་པ་ཡིག་བདག་དོན་དུ་སོང་བ་དང་། «བོན་གྱི་གནའ་དཔེ་བདམས་བསྒྲིགས་»ལས། ཀླུ་རྗེ་བཙན་བ་དང་ཀླུ་རབ་བཙན་བ་གཉིས་ཀྱི་བ་ཡིག་དང་། «ཐེག་ཆེན་གཡང་དྲུང་བོན་གྱི་བཀའ་འགྱུར་»ལས། དམུ་རྗེ་བཙན་བ་ཞེས་པའི་བ་ཡིག་རྣམས་བདག་དོན་དུ་སོང་བ་དང་། «འཕགས་པ་བགྲེས་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའྀ་མདོ་»ལས། བྱེད་པ་པོ་ཞེའམ། བྱེད་དུ་འཇུག་པ་པོ་ཞེའམ། ལེན་པ་པོ་ཞེའམ། འདོར་བ་པོ་ཞེས་པའི་པོ་ཡིག་རྣམས་བདག་པོ་སྟོན་པའི་སྒྲ་རུ་གྱུར་བ་དང་། རྟགས་འཇུག་གི་འགྲེལ་བ་རྣམས་སུ་བདག་བྱེད་པ་པོ་ཞེས་བདག་དོན་ལ་པོ་ཡིག་ལས་བོ་ཡིག་མ་བྱུང་བ་དང་། ཞོལ་རྡོ་རིང་ཕྱི་མའི་ཡི་གེ་ལས། “ཞངཿབློནཿཡིཿགེཿཔའྀཿཐངཿདང་”ཞེས་པའི་ཡི་གེ་པ་སོགས་ཀྱི་ཕྲད་སྦྱོར་ནི། རྗེས་འཇུག་ལ་བལྟས་ཏེ་པ་བ་གཉིས་ཇི་ལྟར་སྦྱོར་ལུགས་དང་། བདག་སྒྲ་ཡ་གྱུར་ལ་བ་ཡིག་སྦྱོར་བའི་ལུགས་གང་ཡང་མི་མཐུན་མོད། «ལེགས་བཤད་ལྗོན་དབང་»གི་ཕྲད་སྦྱོར་ན། “མིང་མཐའི་པ་བའང་ཕལ་ཆེར་འདྲ་”ཞེས་གསུངས་པའི་བསྟན་བྱའི་ཤུགས་སུ་བསྟན་ཡོད་པ་རེད། ཇི་ལྟར་ཞེ་ན། “མིང་མཐའི་པ་བའང་”ཞེས་པའི་“འང་”སྒྲ་དེ་ནི་སྡུད་པའི་དོན་ཏེ། དེས་བདག་སྒྲའི་ཕྲད་སྦྱོར་ཚུལ་(རྗེས་འཇུག་དང་ཆ་ཡའི་སྡོམ་ཚིག་)གཉིས་མིང་མཐའ་ལའང་འཇུག་པ་མཚུངས་པར་བསྟན་པ་མ་ཟད། “ཕལ་ཆེར་”ཞེས་པའི་ཚིག་ལས་ད་དུང་སྦྱོར་བ་དམིགས་བསལ་ཅན་འདི་རིགས་ཀྱང་ཡོད་ཅེས་ཤུགས་སུ་བསྟན་པ་རེད།
        དེའི་ཕྱིར། «ལེགས་བཤད་ལྗོན་དབང་»ལས་དངོས་སུ་བསྟན་པའི་པ་བའི་ཕྲད་སྦྱོར་རིགས་གཉིས་དང་། ཤུགས་སུ་བསྟན་པའི་དམིགས་བསལ་གྱི་སྦྱོར་བ་བཅས་དེ་གསུམ་ནི། གསུང་རབ་ཀུན་དང་མཐུན་པའི་སྡོམ་དང་རྩ་ཚིག་ལྟ་བུར་སོང་ཡོད་པས་ན། པ་བའི་ཕྲད་སྦྱོར་གྱི་ངོས་ནས་བདག་སྒྲའི་འགྲེལ་ལུགས་འདི་ལྟར་འཆད་ན་ལེགས་པར་སྙམ། དེ་ལྟ་མ་ཡིན་པར་ཡུལ་ཕྱོགས་བྱེ་བྲག་པ་དང་རང་རང་གི་ཁྲིད་རྒྱུན་ཁོ་ན་གཞིར་བཟུང་ནས་ཨུ་ཚུགས་མཁྲེགས་བཟུང་གིས་རྗེས་འཇུག་གང་དག་གི་རྗེས་སུ་པ་བའི་ཕྲད་གང་དང་གང་ཞིག་སྦྱོར་བ་ལས་མི་འདའ་བར་བཞེད་ན། པ་བའི་ཕྲད་སྦྱོར་གྱི་འགལ་བ་དང་རྩོད་པའི་རྒྱུན་ནམ་ཡང་ཆད་པ་མེད་ལ། དེ་ལས་ཀྱང་གནད་ཆེ་བ་ཞིག་ནི་སྔོན་གྱི་ཡིག་རྙིང་དང་མཁས་པའི་གསུང་རབ་མང་པོ་ཞིག་གི་པ་བའི་སྦྱོར་ཚུལ་ལ་འགྱུར་བཅོས་གཏོང་དགོས་པ་དེ་རེད། དེ་ལྟར་གང་འདོད་དུ་འགྱུར་བཅོས་བཏང་པ་ཡིན་ན་མཁས་དབང་དེ་དག་གི་དགོངས་པ་དང་འགལ་བར་མ་ཟད་ཡིག་རྙིང་གི་ཁྱད་ཆོས་སོགས་ཀྱང་ཉམས་འགྲོ་བ་རྟོགས་པར་བྱེད་པ་ནི་ཞིབ་འཇུག་གི་ཆ་ནས་བཤད་པ་ཡིན་ལ། པ་བ་གཉིས་ཀྱི་ཕྲད་སྦྱོར་གཅིག་གྱུར་དང་གཏན་འབེབས་བྱེད་དགོས་ན། ངེས་པར་དུ་བཀས་བཅད་གསུམ་པ་ཞེས་པའི་ལམ་ལུགས་དང་སྒྲིག་གཞི་ཚགས་དམ་པ་ཞིག་གི་རྨང་གཞི་ལ་བརྟེན་ནས་ཐག་གཅད་དགོས་པར་སྙམ་མོ། །
        ལུང་འདྲེན་དཔྱད་ཡིག
        1 2 50 51 56 57 61«བོད་ཡིག་རྡོ་རིང་ཞིབ་འཇུག»ཆབ་འགག་རྟ་མགྲིན་གྱིས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས༢༠༡༢ལོའི་ཟླ༤པར་བསྐྲུན། ཤ༤ནས༡༠ ༥༢ནས༦༨  ༣༣  ༥༤  ༥༧  ༢༠བཅས་ན་གསལ།
        3 4«གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་ཀྱི་གནའ་དཔེ་བདམས་བསྒྲིགས»པ་ཚབ་པ་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་ནས་དཔེ་སྒྲིག་བྱས། བོད་ལྗོངས་ཡིག་རྙིང་དཔེ་ཁང་གིས༢༠༠༩ལོར་བསྐྲུན།  ཤ༢༤ནས༢༦ན་གསལ།
        5«ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་»དེབ་དང་པོ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན།
        6 8«དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས་»དེབ་དང་པོ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ༤བར་དཔར་ཐེངས་དང་པོ་བཏབ། ཤ༨༥  ༡༥༨ན་གསལ།
        7«དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས་»དེབ་བཅུ་པ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ༤བར་དཔར་ཐེངས་དང་པོ་བཏབ། ཤ༡༥༠ན་གསལ།
        9 10«དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས་»དེབ་དྲུག་པ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ༤བར་དཔར་ཐེངས་དང་པོ་བཏབ། ཤ༢༨  ༦༨ ན་གསལ།
        11«ཐེག་ཆེན་གཡང་དྲུང་བོན་གྱི་བཀའ་འགྱུར»(སྣ་རིང་པོད་དང་པོ)བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་གིས༡༩༩༦ལོའི་ཟླ༩པར་དཔར་གཞི་དང་པོ་བསྒྲིགས། ཤ༡༣༥སྟེང་ན་གསལ།
        12«ཐེག་ཆེན་གཡང་དྲུང་བོན་གྱི་བཀའ་འགྱུར»(སྣ་རིང་པོད་ང་ལྔ་བ)བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་གིས༡༩༩༦ལོའི་ཟླ༩པར་དཔར་གཞི་དང་པོ་བསྒྲིགས། ཤ90སྟེང་ན་གསལ།
        13 14 15 33 34 35 49«བཀའ་འགྱུར་གསེར་བྲིས་མ»དུམ་པ(ཁེ)ཐེ་ཝན་ནས་བསྐྱར་དཔར་བྱས་པ་ཡིན། ཤ༦༢  ༥༥  ༦༩  ༡༩༦  ༣༡  ༨༤  ༣༦ བཅས་ན་གསལ།
        16«རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ»ཞོལ་པར་མའི་སྣ་རིང་ཤིང་དཔར (ཀ)དུམ་པ། ཤ༡༡སྟེང་ན་གསལ།
        17«རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ»སྐུ་འབུམ་པར་མའི་སྣ་རིང་ཤིང་དཔར(ཀ)དུམ་པ། ཤ༡༡སྟེང་ན་གསལ།
        18«རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ»བླ་བྲང་དཔར་མའི་སྣ་རིང་ཤིང་པར(ཀ)དུམ་པ། ཤ༡༡སྟེང་ན་གསལ།
        19«བསྟན་འགྱུར»(དཔེ་བསྡུར་མ་དེབ་གྲངས་བརྒྱ་དང་བཅོ་ལྔ)ཤ༤༠༢ སྟེང་ན་གསལ།
        20«སྨྲ་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ»དྲན་པ་ཡེ་ཤེས་གྲགས་པས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༦ལོའི་ཟླ༦པར་དཔར་ཐེངས་གཉིས་པ་བཀྲམ། ཤ ༢༧སྟེང་ན་གསལ།
        212223«བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ»(པོད་དང་པོ)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ༡༢པར་དཔར་དུ་བཀྲམ། ཤ༦༧  ༦༧  ༡༨༤སྟེང་ན་གསལ།
        24«བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ»(པོད་གཉིས་པ)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ༡༢པར་དཔར་དུ་བཀྲམ། ཤ༣༩ སྟེང་ན་གསལ།
        25 26 27 28«ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས»ཀརྨ་སི་ཏུས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༡ལོའི་ཟླ༡༡པར་དཔར་ཐེངས་བདུན་པ་བཀྲམ། ཤ༡༡༢  ༡༡༣  ༡༡༣  ནས༡༡༤ ༡༡༣སྟེང་ན་གསལ།
        29 30«བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ»(པོད་དྲུག་པ)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ༡༢པར་དཔར་དུ་བཀྲམ། ཤ༥༠  ༥༡ སྟེང་ན་གསལ།
        31«སུམ་རྟགས་ཀྱི་དཀའ་འགྲེལ་བློ་ལྡན་དགྱེས་པའི་རོལ་མོ»གཞན་ཕན་ཕྲིན་ལས་རྡོ་རྗེས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༢༠༡༡ལོའི་ཟླ༦པར་དཔར་དུ་བཀྲམ།ཤ༣༡༦སྟེང་ན་གསལ།
        32«བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ»(པོད་བཅུ་གཅིག་པ)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ༡༢པར་དཔར་དུ་བཀྲམ། ཤ༡༦༢སྟེང་ན་གསལ།
        36«བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ»(པོད་གསུམ་པ)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ༡༢པར་དཔར་དུ་བཀྲམ། ཤ༡༢ སྟེང་ན་གསལ།
        37 45 46«ཐོན་མིའི་ཞལ་ལུང»ཚེ་ཏན་ཞབས་དྲུང་གིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ༡༢པར་དཔར་ཐེངས་བཞི་པ་བཀྲམ། ཤ༡༨༣  ༡༧༩  ༡༨༠ སྟེང་ན་གསལ།
        38«བརྡ་སྤྲོད་བློ་གསལ་དགའ་སྟོན»ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༥ལོའི་ཟླ༧པར་དཔར་དུ་བཀྲམ། ཤ༩༨སྟེང་ན་གསལ།
        3940«ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ»(པོད་བཅུ་དགུ་བ)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས༢༠༡༥ལོའི་ཟླ༨པར་དཔར་ཐེངས་དང་པོ་བཀྲམ། ཤ༥༣༥ ༥༣༥སྟེང་ན་གསལ།
        41 42 43«བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ»(པོད་ཉི་ཤུ)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ༡༢པར་དཔར་དུ་བཀྲམ། ཤ༣༡  ༣༡  ༣༡སྟེང་ན་གསལ།
        44«བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ»(པོད་བདུན་པ)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ༡༢པར་དཔར་དུ་བཀྲམ། ཤ༢2སྟེང་ན་གསལ།
        47«བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས»དམུ་དགེ་བསམ་གཏན་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༥ལོའི་ཟླ༡པར་དཔར་དུ་བཀྲམ། ཤ༥༧སྟེང་གསལ།
        48«ཐེག་ཆེན་གཡང་དྲུང་བོན་གྱི་བཀའ་འགྱུར»(སྣ་རིང་པོད་བརྒྱ་དང་ང་ལྔ་བ)བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་གིས༡༩༩༦ལོའི་ཟླ༩པར་དཔར་གཞི་དང་པོ་བསྒྲིགས། ཤ༥༧སྟེང་གསལ།
        52 53 64 65 66 67 «དཔལ་མངའ་བདག་སྒྲ་སྒྱུར་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ»(སྟོད་ཆ)སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤ༨  ༥༦  ༡༩  ༣༧  ༥༤  ༥༨སྟེང་ན་གསལ།
        54 55«ས་སྐྱ་གོང་མ་གོང་མ་ལྔའི་བཀའ་འབུམ་བཞུགས་སོ»ཀྲུང་གོའི་བོད་པ་དཔེ་སྐྲུན་ཁང་གིས་༢༠༡༥ལོའི་ཟླ༨པར་དཔར་གཞི་དང་པོ་བསྒྲིགས། ཤ༤༣༥  ༤༣༦སྟེང་ན་གསལ།
        60«བསྟན་འགྱུར»(དཔེ་བསྡུར་མ)དེབ་དགུ་པ། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་བསྡུར་ཁང་གིས་དཔེ་སྡུར་དང་དཔེ་སྒྲིག་བྱས། ༡༩༩༨ལོའི་ཟླ༣པར་དཔར་གཞི་དང་པོ་བསྒྲིགས། ཤ༡༩༤ སྟེང་ན་གསལ།
        59 63«དུང་དཀར་ཚིག་མཛོད་ཆེན་མོ»དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས༢༠༠༢ལོའི་ཟླ༩པར་དཔར་དང་པོ་བསྒྲིགས། ཤ༡༥༤༤  ༡༠༤༡སྟེང་ན་གསལ།
        60 «ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ»(པོད་ལྔ་བ)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས༢༠༡༥ལོའི་ཟླ༨པར་དཔར་ཐེངས་དང་པོ་བཀྲམ། ཤ༤༠སྟེང་ན་གསལ།
        62«དྲང་ངོས་ལེགས་བཤད་སྙིང་པོའི་འཇུག་ངོགས»རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས༡༩༩༩ལོའི་ཟླ༥པར་དཔར་གཞི་དང་པོ་བསྒྲིགས། ཤ༨༢སྟེང་ན་གསལ།