ཉེ་ཆར། སློབ་གསོ་པུས་༼སློབ་གྲྭ་འབྲིང་ཆུང་གི་སློབ་མར་བརྙས་བཅོས་བྱེད་མཁན་བཀག་འགོག་བྱེད་པའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་ལས་དོན་ཇུས་གཞི་༽པར་འགྲེམས་བྱས་ནས། སློབ་གྲྭ་འབྲིང་ཆུང་གི་སློབ་མར་བརྙས་བཅོས་བྱེད་མཁན་བཀག་འགོག་བྱེད་པའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་འགོ་ཚུགས་ཡོད་པ་དང་། གཙོ་བོ་གཤམ་གསལ་གྱི་བྱ་ཐབས་ཁག་དྲུག་སྤྱོད་རྒྱུ་ཡིན་པ་སྟེ།
གཅིག་ནི། བརྙས་བཅོས་བྱེད་པའི་དོན་རྐྱེན་ཡོད་མེད་ཕྱོགས་ཡོངས་ནས་བཤེར་དགོས། སློབ་གྲྭ་འབྲིང་ཆུང་ཡོངས་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མར་ཁྱོན་ཡོངས་ནས་ལེབ་བཤེར་བྱས་ཏེ། ཐོན་སྲིད་པའི་བརྙས་བཅོས་ཀྱི་གནས་ཚུལ་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྔོན་འགོག སྔ་ཙམ་ཚོད་འཛིན་བཅས་བྱེད་དགོས།
གཉིས་ནི། མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་དགོས། ལེབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་མི་མངོན་པའི་རྐྱེན་ངན་དག་སྔོན་འགོག་དང་ཐག་གཅོད་བྱེད་པའི་ཐད་དགོས་ངེས་ཀྱི་ཐེ་ཇུས་བྱ་ཐབས་སྤྱོད་པ་དང་། ཁ་ཏ་བསླབ་བྱ་དང་ཉེན་ཁ་སེལ་བའི་ལས་ཀ་ཡག་པོ་བསྒྲུབ་པ་བརྒྱུད། སློབ་མར་བརྙས་བཅོས་བྱེད་པའི་དོན་རྐྱེན་ཐོན་རྒྱུ་སྔོན་འགོག་ཏན་ཏིག་བྱེད་དགོས།
གསུམ་ནི། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཐག་གཅོད་ནན་པོ་བྱ་དགོས། བརྙས་བཅོས་བྱེད་མཁན་སློབ་མར་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས། སྐྱོན་བརྗོད་སློབ་གསོ་དང་། ཉེན་བརྡའི་གླེང་མོལ། སྒྲིག་ཁྲིམས་ཀྱི་ཆད་གཅོད། བསླབ་སྡོམ་བྱེད་པ། ཆེད་དོན་སློབ་གྲྭར་སློབ་སྒྱུར་བྱེད་པ་སོགས་ཀྱི་ཆད་གཅོད་བསླབ་འདོམས་བྱ་ཐབས་སྤྱོད་དགོས། བརྙས་བཅོས་ཕོག་པའི་སློབ་མར་དེ་མཚུངས་ཀྱི་སེམས་ཁམས་སློབ་གསོ་གཏོང་དགོས།
བཞི་ནི། བརྙས་བཅོས་ཕོག་ན་སྙན་སེང་ཞུ་བའི་ལམ་ལུགས་ཚད་ལྡན་བཟོ་དགོས། སློབ་མར་བརྙས་བཅོས་ཕོག་པ་ཤེས་རྗེས། སློབ་གྲྭས་དུས་ཐོག་ཏུ་བཀག་འགོག་བྱེད་དགོས་པ་མ་ཟད་བརྟག་དཔྱད་ཐག་གཅོད་བྱེད་དགོས། གནས་ཚུལ་ཚབས་ཆེན་ཡིན་ན། དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་མ་ཟད། མགྱོགས་མྱུར་སྤྱི་བདེ་ལས་ཁུངས་ལ་འབྲེལ་གཏུག་བྱས་ནས་ཐག་གཅོད་བྱེད་དུ་འཇུག་དགོས།
ལྔ་ནི། སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས། བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་དང་། ཁྲིམས་སྐྱོང་གི་སློབ་གསོ། སེམས་ཁམས་བདེ་ཐང་གི་སློབ་གསོ་བཅས་གཏིང་ཟབ་སྤེལ་བ་དང་། སློབ་མར་བརྙས་བཅོས་བྱེད་རིགས་བཀག་འགོག་དང་ཐག་གཅོད་བྱེད་པའི་ཆེད་དོན་སྦྱོང་བརྡར་བྱེད་པ། ཁྱིམ་ཚང་གི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་དགོས།
དྲུག་ནི། ཡུན་ཕན་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། འགན་འཁྲི་དང་། སྔོན་འགོག དཔྱད་བསྡུར། འགན་འཁྲི་བདའ་འདེད་བཅས་ཀྱི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་སྟེ། ཉེན་བརྡ་གཏོང་བའི་ལས་འགན་ཏན་ཏིག་སྒྲུབ་ནས། ཆུ་མ་ཤོར་གོང་ནས་ཆུ་རགས་དང་རྐྱེན་མ་ལངས་གོང་ནས་བཟློག་པ་ཡོང་བ་བྱ་དགོས་པ་བཅས་སོ། །
རྩོམ་སྒྲིག་པ། བདེ་སྒྲོལ།