ཉིན་ཤས་གོང་། ལྷོ་ཁོ་རེ་ཡའི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཁང་གིས་ལྷོ་ཁོ་རེ་ཡའི་སྐྱེ་དངོས་སྨན་བཟོ་ཀུང་སི་གྲགས་ཅན་གྱིས་བཟོས་པའི་གདོང་རིད་སྨན་ཁབ་ (瘦脸针)ཀྱི་ཆོག་འཐུས་ལག་ཁྱེར་ཕྱིར་བསྡུ་བྱས་ཡོད་པ་དང་། བྱ་ཐབས་དེ་སྤྱི་ཚེས་26ཉིན་ནས་བཟུང་ནུས་པ་ཐོན་པ་དང་། འབྲེལ་ཡོད་ཐོན་རྫས་རང་རྒྱལ་གྱི་ཁྲོམ་རར་སླེབས་ཡོད།
ཐེངས་འདིར་ཕྱིར་བསྡུ་བྱས་པའི་ཆོག་འཐུས་ལག་ཁྱེར་དང་འབྲེལ་བའི་ཐོན་རྫས་གང་ཞིག་ཡིན་ནམ། ཕྱིར་བསྡུ་བྱེད་དགོས་བའི་རྒྱུ་རྐྱེན་ཅི་ཡིན་ནམ།
ཐེངས་འདིའི་ལྷོ་ཁོ་རེ་ཡའི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཁང་གིས་ཕྱིར་བསྡུ་བྱས་ཡོད་པའི་ཆོག་འཐུས་ལག་ཁྱེར་ནི། ཁོ་རེ་ཡ་མེ་ཏེ་ཐུའོ་ཀུང་སིས་ཐོན་སྐྱེད་བྱས་པའི་Aརིགས་ཤ་དུག་དུག་རྒྱུ་Innotoxཡི་ཆོག་འཐུས་ཡིན་པ་དང་། ཟླ་འདིའི་ཚེས་26ཉིན་ནས་བཟུང་ནུས་པ་ཐོན་ཡོད། ལྷོ་ཁོ་རེ་ཡའི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཁང་གིས་བསྟན་པར། ཞིབ་དཔྱོད་ལས་ཁུངས་ཀྱིས་བརྟག་དཔྱད་བྱས་པ་ལྟར་ན། ཁེ་ལས་དེས་Innotoxལ་སྨན་རིགས་ཀྱི་ཆོག་འཐུས་རེ་ཞུ་དང་ཆོག་འཐུས་སྒྱུར་བཅོས་ཀྱི་གོ་རིམ་ཁྲོད་དུ་ཚོད་ལྟའི་རྒྱུ་ཆ་རྫུན་མ་བཟོས་པས། འབྲེལ་ཡོད་བཅའ་ཁྲིམས་དང་འགལ་ཡོད་ཅེས་བརྗོད་ཡོད། ན་ནིང་སྤྱི་ཟླ་12ཚེས་22ཉིན། ལྷོ་ཁོ་རེ་ཡའི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཁང་གིས་མེ་ཏེ་ཐོ་ཀུང་སིར་འབྲེལ་ཡོད་ཐོན་རྫས་ཐོན་སྐྱེད་དང་བྲིན་ཚོང་བྱེད་མཚམས་འཇོག་དགོས་པ་དང་། ཁྲོམ་རར་བཀྲམ་ཟིན་པའི་ཐོན་རྫས་ཕྱིར་བསྡུས་ནས་མེད་པར་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

ཤ་དུག་དུག་རྒྱུ་ལ་ཤའི་དུག་རྒྱུ་དང་ཤ་དུག་ནར་སྲིན་གྱི་དུག་རྒྱུ་ཡང་ཟེར། དེ་ནི་མི་རྣམས་ཀྱིས་རྒྱུན་དུ་ཤོད་པའི་གདོང་རིད་དུ་འཇུག་པའི་ཁབ་ཀྱི་གྲུབ་ཆ་ཞིག་ཡིན། དེ་ནི་མཛེས་བཟོའི་གཤགས་བཅོས་ཁྲོད་དུ་རྒྱ་ཁྱབ་ཏུ་བཀོལ་བཞིན་ཡོད་ལ། དེར་གཉེར་མ་ལེགས་བཅོས་དང་གདོང་རིད་དུ་གཏོང་བའི་བྱེད་ནུས་ལྡན་ཡོད། སྤྱི་ལོ་2019ལོར་མཚོན་ན། ལྷོ་ཁོ་རེ་ཡའི་ཤ་དུག་དུག་རྒྱུའི་ཁྲོམ་རའི་གཞི་ཁྱོན་དེ་ལྷོ་ཁོ་རེ་ཡའི་སྒོར་དུང་ཕྱུར་1500ཟིན་པ་སྟེ། དེ་ནི་མི་དམངས་ཤོག་སྒོར་དུང་ཕྱུར་8.8ཙམ་ཡིན། ལྷོ་ཁོ་རེ་ཡའི་ཤའི་དུག་རྒྱུ་ཡི་ཆོག་འཐུས་ལག་ཁྱེར་ཐོབ་མཁན་གྱི་ཀུང་སི་ཐོག་མ་ཡིན་པའི་ངོས་ནས། མེ་ཏེ་ཐོ་ལོའི་ཁྲོམ་རའི་ཟིན་ཚད་ནི36%ཡིན། ཟླ་འདིའི་ཚེས་18ཉིན། ལྷོ་ཁོ་རེ་ཡའི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཁང་གིས་འབྲེལ་ཡོད་གཏན་འབེབས་བཏོན་མ་ཐག མེ་ཏེ་ཐོའི་ཉིན་དེའི་མ་རྐང་གི་རིན་གོང་11.33%ཆག་ཡོད་པ་རེད།

མིག་སྔའི་བར་དུ། ལྷོ་ཁོ་རེའི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཁང་གིས་མེ་ཏེ་ཐོ་ཡིས་ཐོན་སྐྱེད་བྱས་པའི་ཤ་དུག་དུག་རྒྱུ་རིགས་གསུམ་གྱི་ཆོག་འཐུས་ལག་ཁྱེར་ཕྱིར་བསྡུ་བྱས་འདུག་སྟེ། ཐེངས་འདིའི་Innotoxཡི་ཆོག་འཐུས་ལག་ཁྱེར་ཕུད། ད་དུང་ན་ནིང་Meditoxinདང་Coretoxགཉིས་ཀྱི་ལག་ཁྱེར་ཡང་ཕྱིར་བསྡུ་བྱས་ཡོད། ཀྲུང་གོར་ཡོད་པའི་འབྲེལ་ཡོད་ལས་རིགས་ཀྱིས། མེ་ཏེ་ཐོ་ཀུང་སི་དེ་མེ་ཏི་ཐོ་ཧྲེ་ཞེས་བསྒྱུར་མཁན་ཡང་ཡོད་པ་རེད།
མའེ་ཏེ་ཏའོ་ཡི་ཤའི་དུག་རྒྱུའི་ཐོན་རྫས་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ཁག་གཅིག་ལ་ཕྱིར་གཏོང་བྱས་ཟིན་མོད། འོན་ཀྱང་ཤའི་དུག་རྒྱུ་རིགས་འདི་གསུམ་པོའི་ཐོན་རྫས་ལ་ད་བར་དུ་ཡང་ཀྲུང་གོའི་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུད་ཀྱི་ཆོག་མཆན་ཡི་གེ་ཐོབ་མེད། དོ་སྣང་བྱེད་དགོས་པ་ཞིག་ལ། ཁ་ཤས་ཀྱིས་(代购)ཉོ་རོགས་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས། གོང་བརྗོད་ཀྱི་ཐོན་རྫས་དེ་གསུམ་པོ་རྒྱལ་ནང་གི་མཛེས་བཟོ་ཁང་སོགས་སྨན་བཅོས་ལས་ཁུངས་མིན་པའི་ས་ཆར་བེད་སྤྱོད་བྱེད་བཞིན་ཡོད་པས། རྒྱ་ཆེའི་འཛད་སྤྱོད་པ་ཚོས་ཤའི་དུག་རྒྱུའི་ཐོན་རྫས་ཉོ་སྐབས་ངེས་པར་དུ་ཡིད་གཟབ་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།