ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

མཚོ་སྔོན་དུ་ལོ་ཉི་ཤུར་བྲོས་པའི་མི་གསོད་ལག་དམར་ཞིག་བཟུང་འདུག

སྤེལ་དུས 2021-09-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཟླ9པའི་ཚེས3ཉིན། ཟི་ལིང་གྲོང་ཁྱེར་སྐུ་འབུམ་ས་ཁུལ་སྤྱི་བདེ་ཅུད་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་5ཡིས་ལོ་ཉི་ཤུ་བྲོས་བྱོལ་བྱས་པའི་མི་གསོད་ལག་དམར་ཞིག་བཟུང་ནས་ཟི་ལིང་དུ་ལོག་ཡོད།

     སྤྱི་ལོ་2001ལོའི་ཟླ2པའི་ཚེས25ཉིན། ཐུའུ་མིན་ཀོན་ཞང་ཧོང་ལིན་སྡེ་བ(སྔར་གྱི་སྐུ་འབུམ་རྫོང)རུ་དོགས་ཡོད་ཉེས་ཅན་ཤད་ཆེ་གེ་མོས་ཆང་འཐུང་རྗེས་ཡན་ཆེ་གེ་མོ་སོགས་མི་བཞི་དང་མཉམ་དུ་ཁྱིམ་ལ་ལོག་པའི་ལམ་བར་དུ་གནོད་འཚེ་ཕོག་མཁན་ཀྲའོ་ཆེ་གེ་མོ་དང་ཁ་རྩོད་ཤོར་བས། མི་བཞི་པོས་མཉམ་དུ་གནོད་འཚེ་ཕོག་མཁན་ལ་རྡུང་རྡེག་གཏོང་སྐབས་དོགས་ཡོད་ཉེས་ཅན་ཤད་ཆེ་གེ་མོས་གྲི་ཆུང་བླངས་ཏེ། གནོད་འཚེ་ཕོག་མཁན་ཀྲའོ་ཆེ་གེ་མོར་གྲི་བཙུགས་ནས་བསད་རྗེས་ད་ལྟའི་བར་བྲོས་བྱོལ་དུ་ཕྱིན་ཡོད་པ་རེད། རྒྱལ་ཡོངས་ཀྱི་སྤྱི་ལོ་2020ལོའི་སྤུ་གྲི་མི་གསོད་གྱོད་གཞིའི་འགག་སྒྲོལ་འགུལ་སྐྱོད་སྤེལ་བ་ནས་བཟུང་། ཟི་ལིང་གྲོང་ཁྱེར་སྐུ་འབུམ་ས་ཁུལ་སྤྱི་བདེ་ཅུད་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ས་ཁུལ་ཅུད་ཏང་ཨུའི་བཀོད་སྒྲིག་འོག ལོ་རྒྱུས་ཐོག་གི་མི་གསོད་གྱོད་གཞིར་གསེད་སྒྲིག་གྲལ་བཤེར་བྱས་ནས་དོགས་ཡོད་ཉེས་ཅན་གྱི་སྤྱི་ཚོགས་འབྲེལ་བ་ཚང་མར་ཞིབ་ཚགས་ངང་མཐིལ་རྟོགས་གྲལ་བཤེར་གཏིང་ཟབ་བྱས་ཏེ། དོགས་ཡོད་ཉེས་ཅན་གྱི་ཆ་འཕྲིན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་རེད། 

     དུས་ཡུན་རིང་པོའི་ནང་གསང་བའི་མྱུལ་ཞིབ་བྱས་པ་བརྒྱུད། གྱོད་སྒྲུབ་མི་དམངས་ཉེན་རྟོགས་པས་དོགས་ཡོད་ཉེས་ཅན་གྱི་གཅེན་མོ་ལོ་མང་པོའི་སྔོན་དུ་ས་ཆ་གཞན་དུ་མནའ་མར་བྱིན་པ་ཤེས་རྟོགས་བྱུང་། ཁུངས་སྣེ་དེ་ཤེས་རྗེས་མྱུལ་ཞིབ་པ་འཕྲལ་མར་ཅང་སུའུ་དང་ཧྲན་ཏུང་སོགས་སུ་བསྐྱོད་དེ་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ། ལས་དོན་ཐེངས་མང་སྤེལ་བ་བརྒྱུད་མི་དམངས་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་གྱི་འགུལ་སྐྱོད་རྗེས་ཤུལ་གཏན་འཁེལ་བྱས་པ་དང་། མཐར་སྤྱི་ཟླ9བའི་ཚེས1ཉིན་གྱི་ཆུ་ཚོད18ཙམ་ལ་ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་གྱི་གཞིས་ཁུལ་ཞིག་ཏུ་ལོ་20རིང་བྲོས་བྱོལ་བྱས་པའི་མི་གསོད་གྱོད་གཞིའི་དོགས་ཡོད་ཉེས་ཅན་ཤད་ཆེ་གེ་མོ་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར་བ་དང་། དོགས་ཡོད་ཉེས་ཅན་ཅེ་ཆེ་གེ་མོས་ཉེས་བསགས་དོན་དངོས་ཇི་བཞིན་ངོས་ལེན་བྱས། མིག་སྔར་དོགས་ཡོད་ཉེས་ཅན་བདེ་བླག་ངང་སྐུ་འབུམ་དུ་ལྟ་སྐྱེལ་བྱས་ཡོད།

རྩོམ་སྒྲིག་པ། བདེ་སྒྲོལ།