ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཅུང་ཙམ་མིན་ན་སྒོར8000གིས་མགོ་སྐོར་ཐེབས་སོང་།

སྤེལ་དུས 2021-09-09 ཡོང་ཁུངས། ཀྲུང་གོའི་བོད་ལྠོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          2021ལོའི་ཟླ9པའི་ཚེས5ཉིན་གྱི་ཕྱི་དྲོར་གྲྭ་བཞི་མངག་གཏོང་ཁང་སེ་ར་དཀྱིལ་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཤིག་བདེ་བླག་ངང་བཀག་འགོག་བྱས་ནས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱས།
          ཉིན་དེར་གྲོང་མི་སྐུ་ཞབས་ཁྲེན་ལགས་ཀྱིས་དྲ་ཐོག་ནས་དངུལ་བུན་ལེན་པའིAPPཞིག་མཐོང་རྗེས། རང་ཉིད་ལ་དངུལ་དགོས་མཁོ་ཆེ་བའི་དབང་གིསAPPདེ་ཕབ་ལེན་བྱས་ནས་དངུལ་བུན་སྒོར20000རེ་ཞུ་བྱས་པར་མ་ཟད། ཕ་རོལ་པོར་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་དངུལ་ཁང་གཱ་ཡི་ཆ་འཕྲིན་བསྐུར། བརྒྱུད་རིམ་ཆ་ཚང་ཞིག་བརྒྱུད་རྗེསAPPདེས་དངུལ་ཁང་གཱ་ཡི་རྩིས་ཐོའི་ཨང་གྲངས་འབྲི་ནོར་ཤོར་བ་དང་རེ་ཞུའི་དངུལ་བུན་ཡང་བསྡམས་བཅད་བྱས་པར་གསལ་འདེབས་བྱས་སོང་། དེའི་རྗེས་སུ་རང་ཉིད་ཚོང་དུད་ཡིན་ཟེར་མཁན་ཞིག་གིས་སྐུ་ཞབས་ཁྲེན་ལགས་ཀྱི་་སྐད་འཕྲིན་ནང་འཇུག་བྱས་ནས་ཁོང་ལ་སྐར་མ30ཡི་ནང་དུ་ངེས་པར་དུ་དངུལ་བུན་གྱི་དངུལ་གྲངས་ལས40%སྟེ་སྒོར8000ཀྱི་བཀག་གློད་འགྲོ་སོང་སྤྲོད་དགོས་པའི་བླང་བྱ་བཏོན། མ་ལག་ནས་བདེན་པ་ར་སྤྲོད་ངོས་ལེན་བྱས་རྗེས་དངུལ་བུན་སྒོར20000དང་བཀག་གློད་དངུལ8000དེ་ཁོང་གི་དངུལ་ཁང་གཱའི་ནང་དུ་སླེབས་ངེས་པ་དང་། གལ་སྲིད་སྒོར8000ཀྱི་བདེན་པ་ར་སྤྲོད་ངོས་ལེན་བྱེད་པའི་བཀག་གློད་འགྲོ་སོང་དེ་མ་སྤྲད་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་དངུལ་བུན་གཡོ་ལེན་བྱས་པའི་ནག་ཉེས་ལ་བརྩིས་ནས་གྱོད་དོན་ཐོ་འགོད་བརྟག་དཔྱད་བྱེད་སྲིད་ཟེར།

          སྐུ་ཞབས་ཁྲེན་ལགས་ཀྱིས་འཕྲལ་མར་སེ་ར་དཀྱིལ་ལམ་གྱི་མི་དམངས་ཉེན་རྟོག་པའི་ལས་དོན་ས་ཚིགས་སུ་བསྐྱོད་ནས་རོགས་སྐྱོར་གནང་རོགས་ཞུས་ཤིང་། ཁོང་གི་གསལ་བཤད་ལ་ཉན་རྗེས་མི་དམངས་ཉེན་རྟོག་པས་ཁོང་ལ་དེ་ནི་དཔེ་མཚོན་ཅན་གྱི་དྲ་རྒྱའི་ཁ་བསླུས་ཤིག་ཡིན་པས་ཡིད་ཆེས་གཏན་ནས་བྱེད་མི་རུང་། སྐབས་འདིར་མགོ་སྐོར་གཏོང་མཁན་གྱིས་གློག་ཀླད་མདུན་དུ་བསྡད་དེ་དངུལ་བསྡུ་རྒྱུར་སྒུག་ནས་སྡོད་ཡོད་ཅེས་བཤད། སྐུ་ཞབས་ཁྲེན་ལགས་ཀྱིས་མི་དམངས་ཉེན་རྟོག་པའི་འགྲེལ་བཤད་ཐོས་རྗེས་གཞི་ནས་གློ་བུར་དུ་རྨོངས་གཉིད་ལས་སད་པ་ལྟར་རང་ཉིད་ལ་མགོ་སྐོར་ཐེབས་པ་ཤེས། སྟབས་ལེགས་པ་ཞིག་ལ་རང་ཉིད་ཀྱིས་ཕ་རོལ་ལ་བཀག་གློད་གྲོན་དངུལ་བསྐུར་མེད། རྗེས་སུ་ཁ་བསླུས་རྒྱག་སྟངས་འདི་རིགས་ལ་དོ་སྣང་ཆེན་པོ་བྱེད་ངེས་ཡིན་ཟེར། དེ་དང་ཆབས་ཅིག་མི་དམངས་ཉེན་རྟོག་པས་སླར་ཡང་ཁོང་ལ་གློག་འཕྲིན་གྱི་ཁ་བསླུས་འགོག་པའི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།

          མི་དམངས་ཉེན་རྟོག་པའི་རོགས་རམ་འོག སྐུ་ཞབས་ཁྲེན་ལགས་ཀྱིས་རྒྱལ་ཁབ་ཀྱི་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིAPPཕབ་ལེན་དང་ནང་འཇུག་བྱས་ནས་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། རང་ཉིད་ཀྱིས་ཁ་བསླུས་ལ་སྔོན་འགོག་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་དོགས་ཟོན་ཆེར་བྱ་རྒྱུའི་ཁས་ལེན་ཡང་བྱས། སླད་ཕྱིན་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་ཆེན་པོ་བྱས་ནས་རྒྱལ་ཁབ་ཀྱི་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིAPPདེ་ཉེ་འགྲམ་གྱི་གཉེན་ཉེ་དང་གྲོགས་པོར་འོས་སྦྱོར་བྱས་ཏེ། ཚང་མས་མཉམ་དུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཤེས་བྱ་སློབ་སྦྱོང་བྱས་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་སྔོན་འགོག་བྱ་རྒྱུ་ཡིན་ཟེར།
མི་དམངས་ཉེན་རྟོག་པས་གསལ་འདེབས་བྱས་དོན།
          གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་མདུན་དུ་དོགས་ཟོན་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས“མི་བྱེད་པ་གསུམ་དང་དགོས་པ་གཅིག”བྱ་དགོས་པ་སྟེ། རང་དགར་ཡིད་ཆེས་མི་བྱེད་པ་དང་། ཕྱིར་བསྒྲགས་མི་་བྱེད་པ། དངུལ་ཁུངས་མི་སྒྱུར་བ་བཅས་བྱ་དགོས་ལ། དུས་ཐོག་ཏུ་ཉེན་བརྡ་གཏོང་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།