ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

རྐུ་ཤོར་བའི་གྱོད་གཞི་གསུམ་པོ་ཚང་མ་ཁོས་བསྒྲུབས་པ་རེད།

སྤེལ་དུས 2021-10-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           ཉེ་ཆར་ཀརྨ་དགོན་གསར་སྡེ་ཁུལ་གྱི་ཟ་ཁང་ཞིག་ཏུ་རྐུ་ཤོར་བའི་གྱོད་གཞི་ཞིག་བྱུང་ཞིང་། གྱོད་གཞི་བྱུང་རྗེས་ཀརྨ་དགོན་གསར་མངགས་གཏོང་ཁང་གྱོད་གཞི་སྒྲུབ་གཉེར་རུ་ཁག་གི་མི་དམངས་ཉེན་རྟོག་པས་འཕྲལ་མར་ཉེན་རྟོག་པའི་སྟོབས་ཤུགས་སྤྱད་ནས་ཡུལ་དངོས་སུ་བསྐྱོད་དེ་གྱོད་གཞི་བྱུང་ཡུལ་གྱི་ཉེ་འཁོར་གྱི་བརྙན་མིག་གི་བརྙན་རིས་ཕབ་ལེན་བྱས་པ་དང་། དུས་མཚུངས་སུ་མཐིལ་རྟོགས་བརྟག་དཔྱད་བཅར་འདྲིའི་ལས་དོན་སྤེལ་བ་རེད།

       དེའི་རིང་ལ་མི་དམངས་ཉེན་རྟོག་པས་གྱོད་གཞི་ཐོན་སའི་ཉེ་འཁོར་གྱི་བརྙན་མིག་གིས་ཕབ་ལེན་བྱས་པའི་བརྙན་རིས་བརྒྱུད་དེ་དོགས་ཡོད་ཉེས་ཅན་བདེ་བླག་ངང་གཏན་འཁེལ་བྱས་པར་མ་ཟད།  དོགས་ཡོད་ཉེས་ཅན་གྱིས་ཀརྨ་དགོན་གསར་དང་གཙང་བྲན་ལམ་རྒྱུད་དུ་རྒྱུན་པར་རྐུ་བྱེད་བཞིན་པ་ཤེས་རྟོགས་བྱུང་། དོགས་ཡོད་ཉེས་ཅན་གཏན་འཁེལ་བྱས་རྗེས་གྱོད་གཞི་སྒྲུབ་གཉེར་རུ་ཁག་གི་མི་དམངས་ཉེན་རྟོག་པས་འཕྲལ་མར་ཀརྨ་དགོན་གསར་དང་གཙང་བྲན་ལམ་རྒྱུད་དུ་དུས་ཡུན་ཉིན་གསུམ་གྱི་རིང་སྲུང་བས་མཐར་ཟླ10པའི་ཚེས3ཉིན་གཙང་བྲན་ལམ་གྱི་མགྲོན་ཁང་ཞིག་ཏུ་དོགས་ཡོད་ཉེས་ཅན་ཐུབ་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད།

       མི་དམངས་ཉེན་རྟོག་པས་འཕྲལ་མར་འདྲི་རྩད་བྱས་པ་བརྒྱུད་ཐུབ་ཆེ་གེ་མོས་མི་དམངས་ཉེན་རྟོག་པར་ད་ལོའི་ཟླ9པ་ནས་བཟུང་སྔ་རྗེས་སུ་ཐེངས་གསུམ་ལ་རྐུ་བྱས་པའི་ཁྲིམས་འགལ་བྱ་སྤྱོད་ངོས་ལེན་བྱས་པ་སྟེ། 2021ལོའི་ཟླ9པའི་ཚེས15ཉིན་གཅིག་གྱུར་འཛུགས་སྐྲུན་སྡེ་ཁུལ་གྱི་ཟ་ཁང་ཞིག་ཏུ་ཧྭ་ཝེ་ཁ་པར་གཅིག་བརྐུས་པ་དང་། 2021ལོའི་ཟླ9པའི་ཚེས27ཉིན་ཀརྨ་དགོན་གསར་ཚོ་ཆུང4པའི་ཟ་ཁང་ཞིག་ཏུ་ཧྭ་ཝུའེ་ཁ་པར་གཅིག་བརྐུས་པ། 2021ལོའི་ཟླ9པའི་ཚེས29ཉིན་ཀརྨ་དགོན་གསར་ཚོ་ཆུང10པའི་ཟ་ཁང་ཞིག་ཏུ་དངུལ་ཁུག་གཅིག་བརྐུས་ཤིང་། རྐུ་བྱས་པའི་རྒྱུ་ནོར་ཚང་མ་ཐུབ་ཆེ་གེ་མོས་རྒྱུན་ལྡན་གྱི་འཚོ་བའི་འགྲོ་སོང་ལ་བཙོངས་ཟིན།
           མིག་སྔར་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དགུ་པ་དང་། དོན་ཚན་བཅུ་གཉིས་པའི་གཏན་འབེབས་དང《སྤྱི་བདེ་ལས་ཁུངས་ཀྱིས<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས>ལག་བསྟར་བྱེད་པའི་འབྲེལ་ཡོད་གནད་དོན་འགྲེལ་བཤད(གཉིས་པ)》ཀྱི་དོན་ཚན་ལྔ་པའི་གཏན་འབེབས་གཞིར་བཟུང་སྟེ། ཁྲིམས་ལྟར་ཐུབ་ཆེ་གེ་མོར་སྲིད་འཛིན་བཀག་ཉར་ཉིན་བཅུ་གསུམ་གྱི་ཆད་པ་བཅད་ཡོད།  
           རྒྱ་ཆེའི་གྲོང་མི་རྣམས་ལ་གསལ་འདེབས་བྱས་དོན།
           ངེས་པར་དུ་རྐུན་འགོག་གི་འདུ་ཤེས་ལ་ཤུགས་བསྣན་ནས་ཚོང་ཁང་དང་ཁྱིམ་ནང་དུ་རྒྱུ་ནོར་འབོར་ཆེན་འཇོག་མི་རུང་། ཆ་རྐྱེན་འཛོམས་ཚེ་དགོས་ངེས་ཀྱི་རྐུན་འགོག་སྒྲིག་ཆས་ཁ་ཤས་འཇོག་འོས་ཤིང་། གལ་ཏེ་རྒྱུ་ནོར་རྐུ་ལ་ཤོར་བ་ཤེས་འཕྲལ་གང་མྱུར་གྱིས་ཉེན་བརྡ་གཏོང་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།