ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

བློ་ཁོག་ལ། མོ་ཊའི་ཤེལ་སྒོ་བཅག་ནས་རྐུ་མ་ཐེངས་མང་བརྒྱབ་འདུག

སྤེལ་དུས 2021-10-13 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
            ཉེ་ཆར། རྔ་ཆེན་མངགས་གཏོང་ཁང་དུ་བཅའ་སྡོད་ཉེས་དོན་གྱོད་སྒྲུབ་རུ་ཁག་གིས་ལག་རྩལ་མྱུལ་ཞིབ་ཉིང་ལག་རུ་ཁག་དང་། ཚལ་གུང་ཐང་མངགས་གཏོང་ཁང་དུ་བཅའ་སྡོད་ཉེས་དོན་གྱོད་སྒྲུབ་རུ་ཆེན། ཀུན་བདེ་གླིང་མངགས་གཏོང་ཁང་དུ་བཅའ་སྡོད་ཉེས་དོན་གྱོད་སྒྲུབ་རུ་ཆེན་སོགས་ཀྱིས་མཉམ་དུ་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་བས། རླངས་འཁོར་གྱི་སྒེའུ་ཁུང་བཅག་ནས་རྐུ་མ་ཐེངས་20ལྷག་བརྒྱབ་པའི་དོགས་ཡོད་ཉེས་ཅན་པ་ཞིག་བཟུང་བ་རེད།
            2021ལོའི་ཟླ་9ཚེས་26ཉིན་གྱི་ཆུ་ཚོད་17ཙམ་ལ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ལམ་གྱི་སྡེ་ཁུལ་ཞིག་གི་ས་འོག་རླངས་འཁོར་འཇོག་སར་རླངས་འཁོར་བཞག་ནས་སྒོ་བརྒྱབ་རྗེས་ཁྱིམ་དུ་ལོག་པ་ཡིན། 2021ལོའི་ཟླ་9ཚེས་28ཉིན་གྱི་ཆུ་ཚོད་9དང་སྐར་མ་30ཙམ་ལ་རླངས་འཁོར་གྱི་རྒྱབ་ཀྱི་ཤེལ་སྒོ་བཅག་ནས་སྒོར་7000རི་བའི་མའོ་ཐའེ་ཨ་རག་ཤེལ་དམ་2དང་རྒུན་འབྲུམ་ཨ་རག་ཤེལ་དམ་1བརྐུས་པ་ཤེས་བྱུང་ཞེས་2021ལོའི་ཟླ་9ཚེས་28ཉིན་གྱི་ཆུ་ཚོད་20དང་སྐར་མ་26ལ་གནོད་འཚེ་ཕོག་མཁན་ལྷ་ཆེ་གེ་མོས་གྱོད་དོན་སྙན་སེང་ཞུས།

            སྙན་སེང་འབྱོར་རྗེས། རྔ་ཆེན་མངགས་གཏོང་ཁང་དུ་བཅའ་སྡོད་ཉེས་དོན་གྱོད་སྒྲུབ་རུ་ཁག་གི་མྱུལ་ཞིབ་མི་དམངས་ཉེན་རྟོག་པས་འཕྲལ་མར་ཡུལ་དངོས་སུ་རྩད་ཞིབ་ལས་དོན་སྤེལ་བར་བསྐྱོད་པ་རེད། དེའི་རིང་110བཀོད་འདོམས་ལྟེ་གནས་ཀྱི་བཀའ་འབྱོར་ནས་མཚན་མོ་དེ་རང་དུ་སྡེ་ཁུལ་ཞིག་གི་ས་འོག་རླངས་འཁོར་འཇོག་སར་རླངས་འཁོར་གསུམ་གྱི་སྒེའུ་ཁུང་བཅག་པའི་གནས་ཚུལ་ཐོན་འདུག་ཅེས་བརྗོད། མྱུལ་ཞིབ་མི་དམངས་ཉེན་རྟོག་པས་བརྟག་དཔྱད་དཔང་ལེན་ལས་དོན་ཤུགས་ཆེན་སྤེལ་བ་བརྒྱུད། དེ་གོང་སྣེའུ་ཁུལ་གསར་དང་། པེ་ཅིང་ནུབ་ལམ། སེ་ར་ལམ། ཚལ་གུང་ཐང་སོགས་ས་ཆ་མང་པོར་རླངས་འཁོར་གྱི་སྒེའུ་ཁུང་བཅག་ནས་རྒྱུ་དངོས་བརྐུས་པའི་གྱོད་གཞི་བསྟུད་མར་ཐོན་པ་དང་། དོགས་ཡོད་ཉེས་ཅན་པའི་གཟུགས་པོའི་ཁྱད་ཆོས་གྱོད་གཞི་འདིའི་དོགས་ཡོད་ཉེས་ཅན་དང་ཧ་ཅང་འདྲ་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད།

            ཚལ་གུང་ཐང་མངགས་གཏོང་ཁང་དུ་བཅའ་སྡོད་ཉེས་དོན་གྱོད་སྒྲུབ་རུ་ཆེན་དང་ཀུན་བདེ་གླིང་མངགས་གཏོང་ཁང་དུ་བཅའ་སྡོད་ཉེས་དོན་གྱོད་སྒྲུབ་རུ་ཆེན་གྱིས་གྱོད་དོན་དབྱེ་ཞིབ་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་ཏེ། གྱོད་དོན་གྱི་ཆ་འཕྲིན་མཉམ་སྤྱོད་དང་གྱོད་དོན་གྱི་དཔྱད་གཞིའི་ཡིག་ཆར་གསེད་དཀྲོལ་བྱས་ཏེ། གོམ་སྟབས་རྗེས་མའི་མྱུལ་ཞིབ་ཀྱི་ཁ་ཕྱོགས་གཏན་འཁེལ་དང་། དེ་བཞིན་ལྡིར་སོ་སྤྲོས་ཆས་ཀྱི་བརྙན་ལམ་མང་པོར་བལྟས་ཏེ་བརྡར་ཤ་ཞིབ་ཕྲ་གཅོད་པ་དང་། གྲལ་བཤེར་གཏིང་ཟབ་བྱེད་པ། ཁུངས་སྣེ་རྗེས་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་པ་དང་སྦྲགས། ལག་རྩལ་མྱུལ་ཞིབ་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག དོགས་ཡོད་ཉེས་ཅན་པད་ཆེ་གེ་མོར་གྱོད་གཞི་ཚབས་ཆེན་བརྩམས་པའི་དོགས་གཞི་ཡོད་པ་གཏན་འཁེལ་བྱུང་བ་རེད། 2021ལོའི་ཟླ་10ཚེས་3ཉིན་གྱི་ཆུ་ཚོད་11ཙམ་ལ་རྔ་ཆེན་མངགས་གཏོང་ཁང་གི་མྱུལ་ཞིབ་མི་སྣས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ལམ་ཀརྨ་དགོན་གསར་གྱི་མགྲོན་ཁང་ཞིག་གི་སྒོ་ཁ་ནས་དོགས་ཡོད་ཉེས་ཅན་པ་པད་ཆེ་གེ་མོ་བཟུང་བ་རེད།

            བརྟག་དཔྱད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་པ་པད་ཆེ་གེ་མོས་འདི་ལོའི་ཟླ་8པ་ནས་བཟུང་རླངས་འཁོར་གྱི་སྒེའུ་ཁུང་བཅག་ནས་རླངས་འཁོར་ནང་གི་ཅ་དངོས་ཐེངས་20ལྷག་བརྐུས་པའི་ཉེས་གསོག་གི་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།

            མིག་སྔར། དོགས་ཡོད་ཉེས་ཅན་པ་པད་ཆེ་གེ་མོར་རྐུ་རྒྱག་གི་ཉེས་གསོག་དོགས་གཞི་ཡོད་པས་ཁྲིམས་བཞིན་ཉེས་དོན་བཀག་ཉར་བྱས་ཡོད་པ་དང་། གྱོད་གཞི་དེ་མུ་མཐུད་འདྲི་རྩད་བྱེད་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།