ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

▶ཁ་པར་འདི་ངེས་པར་དུ་ལེན་དགོས།

སྤེལ་དུས 2021-10-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བདེ་སྒྲོན།
https://mp.weixin.qq.com/s/0SsYxMQw3BeK2Qw68qtGUA
          དྲ་རྒྱའི་བར་མཐོངས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་དེང་གི་དུས་འདིར།  དྲ་རྒྱ་ནི་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་ཁ་འབྲལ་ཐབས་མེད་པར་འགྱུར་ཡོད། དྲ་རྒྱས་འཚོ་བའི་ཁྲོད་སྟབས་བདེ་ཆེན་པོ་སྐྲུན་ཡོད་དེ། དྲ་ཐོག་ནས་དངོས་པོ་ཉོ་སྒྲུབ་བྱེད་པ་དང་། དྲ་ཐོག་ནས་ཤེས་བྱ་སྦྱོང་བ། དྲ་རྒྱ་བརྒྱུད་དེ་ཕྱི་རོལ་གྱི་གནས་ཚུལ་འདྲ་མིན་སྣ་ཚོགས་ལ་རྒྱུས་ལོན་དང་།  དེ་དག་ལ་ངོས་འཛིན་གསར་པ་བསྐྱེད་པ། དེ་བཞིན་དུ་འཚོ་བའི་གྲུ་ཟུར་ག་གེ་མོ་མཉམ་སྤྱོད་བྱས་ནས་གྲོགས་པོ་གསར་པ་མང་དུ་སྒྲིག་པ་སོགས་ཀྱི་སྤྲོ་བ་ཡང་ཚད་མེད་སྦྱིན་བཞིན་ཡོད། འོན་ཀྱང་ང་ཚོའི་འཚོ་བ་དྲ་རྒྱ་དང་འབྲེལ་བ་ཇེ་དམ་དུ་སོང་བ་དང་བསྟུན་ནས་སྒེར་གྱི་ཆ་འཕྲིན་མང་པོ་ཞིག་རང་བཞིན་གྱིས་ཕྱི་ལ་ཤོར་གྱི་ཡོད། དཔེར་ན། དངུལ་དགོས་མཁོ་ཆེ་བའི་མི་ཞིག་ལ་མཚོན་ན་དངུལ་ཁང་ནས་དངུལ་བུན་རེ་ཞུ་བྱེད་པའི་གོ་རིམ་རྙོག་འཛིང་ཆེ་ཞིང་དུས་ཚོད་རིང་པོ་འགོར་གྱི་ཡོད། ཡིན་ནའང་དྲ་རྒྱའི་ཐོག་ནས་དངུལ་བུན་བླངས་པ་ཡིན་ན་གོ་རིམ་སྟབས་བདེ་དང་། གྲངས་འབོར་ཆེ་བ།  དུས་ཚོད་ཐུང་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། དངུལ་བུན་ལེན་མཁན་ཚོ་དེ་ལ་མོས་མཐུན་ཡོད་སྲིད། དེའི་ཕྱིར་དྲ་རྒྱའི་ཐོག་ནས་དངུལ་བུན་གཏོང་རྒྱུ་དེའང་ཁ་བསླུས་ཐེབས་སླ་བོ་ཡོད། ནག་ཉེས་བཟོ་མཁན་གྱིས་གོ་སྐབས་འདི་དང་བསྟུན་ནས་ཐབས་རྒྱ་ཇུས་སྟོང་གིས་མང་ཚོགས་ལ་མགོ་སྐོར་གཏོང་བཞིན་ཡོད་ལ། ལྷག་པར་དུ་དཀའ་ལས་ཆེན་པོ་རྒྱག་མི་དགོས་པར་དུས་ཚོད་ཐུང་ཐུང་གི་ནང་ལ་དངུལ་མང་པོ་གསོག་ཐུབ་པའི་བསམ་བློ་བེད་སྤྱད་དེ།  ག་ས་གང་དུ་ཁྱིམ་དུ་བསྡད་ཀྱང་དངུལ་འཚོལ་ཐུབ་པ་དང་།  བརྒྱུད་སྐུར་བྱས་ན་བྱ་དགའི་དངུལ་ཡོད་ཅེས་པ་ལྟ་བུའི་འཕྲིན་ཐུང་དང་བརྡ་ཁྱབ་སྣ་ཚོགས་སྤེལ་བཞིན་ཡོད་པས།  གལ་ཏེ་ཁྱེད་ཀྱིས་གཟབ་གཟབ་དང་ཡིད་འཇོག་མ་བྱས་ཚེ་དེ་མ་ཉིད་དུ་ནག་ཉེས་བཟོ་མཁན་གྱི་གཡོ་འོག་ཏུ་དུ་ཚུད་སྲིད་དོ། །

          གཞི་གྲངས་ལས་མངོན་པ་ལྟར་ན། 2020ལོར། རྒྱལ་ཡོངས་སུ་གློག་འཕྲིན་དྲ་རྒྱ་བརྒྱུད་ནས་ཁ་བསླུས་ཐེབས་པའི་གྱོད་གཞི་ཁྲི32.2བྱུང་ཞིང་། དོག་ཡོད་ཉེས་ཅན་མི་ཁྲི36.1འཛིན་བཟུང་བྱས་པ་དང་། དངུལ་སྤྲོད་པ་མཚམས་བཞག་པ་དང་རྩིས་ཐོ་སྤྱོད་མཚམས་བཞག་པའི་དངུལ་གྲངས་སྒོར་དུང་ཕྱུར2722ཟིན་ཡོད་ལ།  མང་ཚོགས་ཁྲི870ཙམ་ལ་མགོ་སྐོར་ཐེབས་སུ་མ་བཅུག་པས། དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར1876ཙམ་ཟློག་ཏུ་བཅུག་ཡོད།
          མི་རྣམས་ཧང་སངས་པར་བྱེད་པའི་གྲངས་ཀ་འདི་དག་ལ་གཟིགས་དང་། འདི་དག་ནི་རྩད་ཆོད་པ་དང་བཀག་འགོག་ཐེབས་ཟིན་པ་ཙམ་རེད།  གཞན་ད་དུང་དངུལ་བུན་གྱི་ཁ་བསླུས་དང་བྲིན་རྫུའི་ཁ་བསླུས། ཞབས་ཞུ་བར་རྫུས་ནས་ཁ་བསླུས་རྒྱག་པ། ད་དུང་དྲ་ཐོག་ནས་གྲོགས་སྒྲིག་པ་སོགས་ཀྱི་རྣམ་པར་རྟེན་ནས་ཁ་བསླུས་རྒྱག་པ་སོགས་མང་པོ་ཡོད།  ཁྲམ་པ་དག་གིས་ནམ་ཡང་ཐབས་ལམ་གསར་པ་སྣ་ཚོགས་ལ་རྟེན་ནས་མི་ལ་མགོ་བསྐོར་གཏོང་བཞིན་ཡོད་ལ། དེ་དག་ནི་ལུག་ཁྱུར་སྒུག་པའི་སྤྱང་ཀི་དང་འདྲ་བས།  ཐ་ན་འོས་འགན་ཁ་བསླུས་གཏན་འགོག་བྱེད་མཁན་གྱི་དྲིལ་སྒྲོག་མི་སྣའང་ཁོ་ཚོའི་གཡོ་འོག་ཏུ་ཚུད་མྱོང་ཡོད། 

          དེའི་རྐྱེན་གྱིས། ཁ་བསླུས་གཏན་འགོག་བྱ་རྒྱུ་ནི་དུས་ནམ་ཡང་རྫོགས་མཐའ་མེད་པའི་ལས་ཀ་ཞིག་ཡིན་པས།   ནམ་རྒྱུན་ངེས་པར་དུ་དམ་པོར་འཛིན་པ་ལས་ལྷོད་གཡེང་དུ་གཏན་ནས་བྱེད་མི་རུང་ལ།   ཀུན་གྱིས་མཉམ་དུ་འགོག་སྲུང་དང་བཅོས་སྐྱོང་བྱ་དགོས།  ཁ་བསླུས་ལ་ངོ་རྒོལ་བྱེད་པའིAPPནས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དྲིལ་བསྒྲགས་བྱེད་པའི་བར་དུ། མི་དམངས་ཉེན་རྟོག་པ་རྣམས་ཀྱིས་ཧུར་ཐག་འབད་ཐག་གི་དཀའ་ལས་རྒྱག་པ་ནི་མང་ཚོགས་ཀྱི་དངུལ་ཁུག་ལ་གྱོང་གུད་མི་ཐེབས་པའི་ཆེད་དུ་རེད།  མང་ཚོགས་རྣམས་ལ་མཚོན་ན།  ནམ་རྒྱུན་དོགས་ཟོན་མང་ཙམ་བྱེད་པ་དང་།  མདུན་གྱི་ཁེ་བཟང་ཅུང་ཟད་ལ་མགོ་བོ་མི་རྨོངས་པ་བཅས་བྱེད་དགོས་སོ། ། 
96110
          གལ་ཏེ་ཁ་བསླུས་རྒྱག་མཁན་གྱི་ཁ་པར་འབྱོར་ཚེ། ཁ་བསླུས་གཏན་འགོག་གི་ཁ་པར96110ལ་ཁ་པར་གཏོང་དགོས་ཤིང་།  96110གྱི་ཁ་པར་སླེབས་ཚེ་ངེས་པར་དུ་ལེན་དགོས།(གསལ་འདེབས། 96110ནི་ཁ་བསླུས་ལ་ངོ་རྒོལ་བྱེད་མཁན་གྱི་ཆེད་སྤྱོད་ཁ་པར་ཨང་གྲངས་ཡིན།)

རྩོམ་སྒྲིག་པ། བདེ་སྒྲོལ།