ཟླ་10ཚེས་23ཉིན། གསར་འགོད་པར་ཀོང་ཞི་ནན་ཉིང་གྲོང་ཁྱེར་པིན་དབྱང་རྫོང་གི་གཞུང་ཕྱོགས་ཀྱིས་བདེན་དཔང་བྱས་དོན། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་དང་དོ་དམ་ནན་པོ་བྱས་ནས། ཀྲུང་གོ་དང་འབར་མའི་རྒྱལ་མཚམས་ལས་སྒྲོལ་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་དག་ཐེར་བཅོས་སྐྱོང་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད། རྫོང་དེས《བརྡ་ཁྱབ》ཁྱབ་བསྒྲགས་བྱས་ནས། ཀྲང་ཀུའེ་ལེའང་སོགས་ཐོ་ཁོངས་པིན་དབྱང་ནས་ཡིན་ལ་འབར་མའི་བྱང་རྒྱུད་དུ་རང་དགར་བསྡད་པའི་མི་69ལ་ཆད་གཅོད་བསླབ་འདོམས་བྱ་རྒྱུའི་གཏན་འབེབས་བྱས།
《བརྡ་ཁྱབ》ནང་། འབར་མའི་བྱང་རྒྱུད་དུ་རང་དགར་བསྡད་པའི་མི་སྣ་རང་འགུལ་ངང་2021ལོའི་ཟླ་10ཚེས་30ཉིན་སྔོན་ལ་རྒྱལ་ནང་དུ་ལོག་དགོས་པ་མ་ཟད། རྒྱལ་ཁོངས་སུ་མ་སླེབས་སྔོན་གྱི་ཉིན་7ནང་ཚུན་དུ་ཐེམ་ཐོ་ཡོད་སའི་མངགས་གཏོང་ཁང་ལ་ཐོ་འགོད་བྱེད་དགོས་པ་དང་། ཁོ་ཚོའི་ཁྱིམ་མིས་འབར་མའི་བྱང་རྒྱུད་དུ་རང་དགར་བསྡད་པའི་མི་སྣ་གང་མགྱོགས་སུ་རྒྱལ་ནང་ལ་ལོག་ནས། རང་ཉེས་ངོས་ལེན་ཞུ་བར་སྐུལ་མ་གཏོང་བར་གཞོགས་འདེགས་བྱེད་དགོས། རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་ནས་རང་ཉིད་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཇི་མ་ཇི་བཞིན་ངོས་ལེན་བྱེད་མཁན་ལ། ཁྲིམས་ལྟར་གུ་ཡང་གཏོང་བའམ་ཡང་ན་ཁྲིམས་ཆད་ཡང་མོ་གཅོད་ཆོག་ལ། བྱས་ཉེས་ཚབས་ཆུང་རིགས་ལ་བཅའ་ཁྲིམས་ལྟར་ཉེས་ཆད་རྩ་ཡང་དུ་གཏོང་ཆོག་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
གལ་ཏེ་གོང་གསལ་མི་སྣས་སྔར་བཞིན་ཨུ་ཚུགས་བྱས་ནས་རྒྱལ་ནང་དུ་མ་ལོག་ན། པིང་དབྱང་རྫོང་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྐྱོང་ལས་དོན་གྱི་མཉམ་འབྲེལ་གཞུང་དོན་ཁང་གིས་ཁྲིམས་ལྟར་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱེད་པ་དང་། དྲ་ཐོག་ཏུ་བྲོས་འདེད་བྱེད་པ་དང་དེ་བཞིན་གཤམ་གསལ་ཆད་གཅོད་བསླབ་འདོམས་བྱ་ཐབས་སྤྱོད་རྒྱུ་སྟེ།
གཅིག ཐེམ་ཐོ་བསྡམས་གཅོད་དང་ཐོ་ཁོངས་ནས་བསུབ་རྒྱུ་དང་། བཅའ་ཁྲིམས་ལྟར་དེའི་ཐེམ་ཐོ་བསྡམས་གཅོད་བྱ་རྒྱུ། གཏན་འབེབས་བྱས་པའི་དུས་ཚོད་ནང་རྒྱལ་ནང་དུ་མ་ལོག་ན། བཅའ་ཁྲིམས་ལྟར་ཐེམ་ཐོ་ཐོ་ཁོངས་ནས་བསུབ་རྒྱུ།
གཉིས། ཁྲིམས་ལྟར་མིང་ཐོག་གི་དངུལ་ཁང་ཁཱ་དང་ལག་ཐོགས་ཁ་པར་ཁཱ་སོགས་ཀྱི་ལས་སྒོ་ཚང་མ་གནས་སྐབས་སུ་མཚམས་འཇོག་རྒྱུ། ལོ་ལྔའི་ནང་དངུལ་ཁང་ཁཱ་དང་ཁ་པར་ཁཱ་གསར་པ(དངུལ་ཁང་ཁཱ་ནང་མི་སྒེར་གྱི་དངུལ་ཁང་ཁཱ་དང་། དངུལ་ཁང་མིན་པའི་དངུལ་སྤྲོད་ཐོ་ཨང་གི་འཕྲིན་ཕྲན་དང་གཏོང་སྤྲོད་ནོར་མཛོད་སོགས་ཕྱོགས་གསུམ་པའི་གཏོང་སྤྲོད་ལས་སྟེགས་ཀྱི་ཐོ་ཨང་ཚུད་ཡོད་ལ། ཁ་པར་ཁཱའི་ནང་གློག་འཕྲིན་དང་། སྒུལ་འཕྲིན། སྦྲེལ་འཕྲིན་གསུམ་གྱི་ལག་ཐོགས་ཁ་པར་ཁཱ་དང་། རྟོག་བཟོའི་གཉེར་སྐྱོང་ཚོང་པའི་ཁ་པར་ཁཱ་དང་ཟོག་འབྲེལ་དྲ་རྒྱའི་ཁཱ་བཅས་ཚུད་ཡོད།)བཟོ་མི་ཆོག
གསུམ། འབར་མའི་བྱང་རྒྱུད་དུ་རང་དགར་བསྡད་པའི་མི་སྣ་རང་ཉིད་དང་དེ་བཞིན་ཐད་ཀའི་གཉེན་ཚན་ཚོ། གུང་གཞོན་སྡེ་ཚོགས་ནང་ཞུགས་པ་དང་། ཏང་ནང་ཞུགས་པ། སློབ་གྲྭར་ཞུགས་པ། དམག་དཔུང་ལ་ཞུགས་པ། གཞུང་ཞབས་པའི་རྒྱུགས་ལ་ཞུགས་པ་སོགས་ནོར་སྲིད་ནས་འཚོ་སྐྱོང་བྱེད་མཁན་གྱི་ཆབ་སྲིད་ཐད་ཀྱི་ཞིབ་བཤེར་བྱེད་སྐབས། རྩ་དོན་ཐོག་ཆོག་མཆན་སྤྲོད་རྒྱུ་མིན།
བཞི། འབར་མའི་བྱང་རྒྱུད་དུ་རང་དགར་བསྡད་པའི་མི་སྣ་སྟེ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་དྲ་རྒྱའི་རྒྱན་འགྱེད་སོགས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྤེལ་མཁན་གྱིས་ཁྲིམས་འགལ་ངང་བཙོག་དངུལ་ལ་བརྟེན་ནས་སྐྲུན་པ་དང་ཉོས་པའི་ཁང་པ་ཁྲིམས་ལྟར་བཤིག་པའམ་སྒོ་ཐེལ་རྒྱག་རྒྱུ་ཡིན་པ་མ་ཟད། གྱོད་འབྲེལ་གྲོན་དངུལ་དང་དེ་བཞིན་སྐྱེད་འཕེལ་ཕྱིར་བསྡུ་བྱས་ནས། ས་ཁང་བདག་ཁོངས་དེར་བརྟེན་ནས་སློབ་གྲྭར་ཞུགས་པའི་བུ་ཕྲུག་ཚོ་ཕ་ཡུལ་གྱི་སློབ་གྲྭར་ཕྱིར་སྤོས་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུུ།
ལྔ། འབར་མའི་བྱང་རྒྱུད་དུ་རང་དགར་བསྡད་པའི་མི་སྣ་གཏན་འབེབས་ཀྱི་དུས་ཚོད་ནང་ཕྱིར་མ་ལོག་ན། ཁྲིམས་དང་སྒྲིག་སྲོལ་ལྟར་ཁོ་རང་ཉིད་དང་ཐད་ཀའི་གཉེན་ཚན་ལ་སྲིད་ཇུས་རང་བཞིན་གྱི་ཁ་གསབ་(རོགས་རམ)སྤྲོད་པའི་མ་དངུལ་གནས་སྐབས་སུ་སྤྲོད་མཚམས་འཇོག་རྒྱུ་ཡིན།
རྩོམ་སྒྲིག་པ། བདེ་སྒྲོན།