པ་ཞིའི་ཉེན་རྟོག་པས་དངུལ་ཁང་འཕྲོག་བཅོམ་བྱས་པའི་ཉེས་ཅན24བསད་པ།
སྤེལ་དུས 2021-11-02
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
པ་ཞིའི་སྨྱན་སྦྱོར་ལས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས31ཉིན། པ་ཞི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཁབ་དེའི་ཤར་ལྷོའི་རྒྱུད་ཀྱི་སྨི་ན་སི་ཅི་ལ་སི་ཀྲོའུ་ཝ་ཅི་ཉི་ཡ་གྲོང་ཁྱེར(Varginha)དུ་གཙང་བཅོམ་བྱེད་པའི་སྐབས་སུ་དངུལ་ཁང་འཕྲོག་བཅོམ་དང་འབྲེལ་བའི་དོགས་ཡོད་ཉེས་ཅན་མི25བསད་པ་རེད།
པ་ཞིའི་གོ་ལ་ཧྲིལ་བོའི་དྲ་བ་ནས་ཟླ10པའི་ཚེས31ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེའི་ཐོ་རེངས་ལ་པ་ཞིའི་རྒྱལ་ཕྲན་མཉམ་འབྲེལ་ཉེན་རྟོག་པ་དང་། རྒྱལ་ཕྲན་མཉམ་འབྲེལ་གཞུང་ལམ་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་དཔུང་སྡེ་བཅས་ཀྱིས་སྨི་ན་སི་ཅི་ལ་སི་ཀྲོའུ་ཝར་ཅི་ཉི་ཡ་གྲོང་ཁྱེར་དུ་དངུལ་ཁང་འཕྲོག་བཅོམ་གྱོད་གཞིའི་ཉེས་ཅན་ཚོགས་པའི་གནས་ཡུལ་གཉིས་སུ་མཉམ་འབྲེལ་ཐོག་གཙང་བཅོམ་བྱས་པ་རེད། གཙང་བཅོམ་བྱེད་པའི་སྐབས་སུ་པ་ཞིའི་ཉེན་རྟོག་ཕྱོགས་དང་དངུལ་ཁང་འཕྲོག་བཅོམ་གྱོད་གཞིའི་ཉེས་ཅན་ཚོགས་པའི་ཁོངས་མིའི་བར་ཛ་དྲག་གི་འཐབ་རྩོད་བྱུང་བ་དང་། དོགས་ཡོད་ཉེས་ཅན་མི25ས་གནས་དེ་གར་བསད་ཅིང་། ཉེན་རྟོག་ཕྱོགས་དང་མང་ཚོགས་ལ་ཤི་རྨས་བྱུང་མེད།
གནས་ཚུལ་སྤེལ་བར་གཞིགས་ན། པ་ཞིའི་ཉེན་རྟོག་ཕྱོགས་ཀྱིས་གཙང་བཅོམ་བྱེད་པའི་སྐབས་སུ་མེ་མདའ20ལྷག་ཙམ་དང་། བརྐུས་པའི་རླངས་འཁོར12དང་དེ་བཞིན་མདེའུ་དང་། འབར་རྫས། ལག་འབོམ། མདེལ་འགོག་སྟོད་གོས་མང་པོ་གཞུང་བཞེས་བཏང་།
པ་ཞིའི་གོ་ལ་ཧྲིལ་པོའི་དྲ་བར་པ་ཞིའི་དམིགས་བསལ་ཉེན་རྟོག་དཔུང་སྡེའི་ཀྲུང་ཞའོ་ལུའུ་ཏའོ་ཧྥུ·ཧྥེར་ནན་ཏེ་སིས་བརྗོད་པ་ལྟར་ན། དངུལ་ཁང་འཕྲོག་བཅོམ་གྱོད་གཞི་འདིའི་ཉེས་ཅན་ཚོགས་པའི་གཞི་ཁྱོན་ཧ་ཅང་ཆེན་པོ་ཡོད་ལ། དངུལ་ཁང་འཕྲོག་བཅོམ་གྱོད་གཞི་གསུམ་གྱི་ནང་ཞུགས་པའམ་རྩ་འཛུགས་བྱས་པའི་དོགས་གཞི་ཡོད། དེའི་ནང2020ལོའི་ཟླ11པར་པ་ཞིའི་ཧྲེང་ཁ་ཐ་ལིན་ན་ཀྲོའུ་ཁེ་ལི་ཤིས་ཝུའུ་མ་གྲོང་ཁྱེར(Criciuma)དུ་བྱུང་བའི་དངུལ་ཁང་འཕྲོག་བཅོམ་གྱོད་གཞི་ཚུད་ཡོད་ལ། འཕྲོག་བཅོམ་དངུལ་འབོར་ལེ་ཡའར(ཨ་སྒོར1ལ་ཕལ་ཆེར་ལེ་ཡའར5.6ཡིན།)དུང་ཕྱུར1.25ཟིན་ཅིང་། ཧྲེང་ཁ་ཐ་ལིན་ན་ཀྲོའུ་ཡི་ལོ་རྒྱུས་ཐོག་གྱོད་འབྲེལ་དངུལ་འབོར་མང་ཤོས་ཀྱི་དངུལ་ཁང་འཕྲོག་བཅོམ་གྱོད་གཞི་ཞིག་ཏུ་གྱུར་ཡོད། ཉེན་རྟོག་ཕྱོགས་ཀྱིས་ད་ཐེངས་བྱ་སྤྱོད་མ་སྤེལ་གོང་ལ་དངུལ་ཁང་འཕྲོག་བཅོམ་གྱོད་གཞིའི་ཉེས་ཅན་ཚོགས་པས་འཕྲོག་བཅོམ་གསར་པ་སྤེལ་རྒྱུ་ཡིན་པའི་གནས་ཚུལ་འབྱོར་བས། སྔ་སྣུར་སྒོས་ལྟ་སྐུལ་ཚོད་འཛིན་བྱས་ཏེ་མཐར་ཉེས་ཅན་ཚོགས་པ་དེ་སྐུང་སའི་ས་གནས་རྙེད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།