ཟླ11ཚེས་གཅིག་ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྤྱི་བདེ་ཅུས་ཀྱིས་ཉིན20ལྷག་ཙམ་གྱི་རིང་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ནག་དངུལ་ལེན་པའི་ཚོགས་པ་ཞིག་གཏོར་ནས་གྱོད་གཞི་བཟོ་ཡུལ3གཏོར་བ་དང་། དོགས་ཡོད་ཉེས་ཅན17འཛིན་བཟུང་བྱས་པ། གྱོད་གཞི་བཟོ་བའི་ལག་ཁྱེར་ཁ་པར60ལྷག་དང་གྱོད་གཞིར་འབྲེལ་བ་ཡོད་པའི་དངུལ་ཁང་གི་གཱ120ལྷག་བསྡུས་ནས། གྱོད་འབྲེལ་མ་དངུལ་སྒོར་ཁྲི7000ལྷག་རྩད་བཅད་ནས་རྙེད་པ་རེད།

2021ལོའི་ཟླ10པའི་ཚེས13ཉིན་རྨ་ཆེན་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ལིའུ་ཆེ་གེ་མོའི་གྱོད་དོན་སྙན་སེང་ཞིག་འབྱོར་དོན། རྣམ་གྲངས་དེའི་མིང་ལ“དངུལ་བུན་གཡར་བདེ་བའི” APPབརྒྱུད་ནས་དངུལ་བུན་གཡར་བ་དང་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་རབ་དང་རིམ་པ་ལེགས་གྲུབ་ཟིན་རྗེས་དངུལ་འབོར་སྒོར44000གི་དངུལ་བུན་རེ་ཞུ་བྱས་ཤིང་། “དངུལ་སྨར་ལེན་པ”མནན་རྗེས་ཐོག་མཐའ་བར་གསུམ་དུ་དངུལ་སྨར་ལེན་མ་ཐུབ། དེ་རྗེསAPPདེའི་སྐུ་མགྲོན་ཞབས་ཞུ་བར་བློ་འདྲི་བྱས། སྐུ་མགྲོན་ཞབས་ཞུ་བས་དངུལ་སྨར་ལེན་པར་ཐོ་འགོད་བྱེད་དགོས་པར་ཁ་གཡར་ནས་གནོད་འཚེ་ཕོག་མཁན་ལ་དངུལ་བུན་རེ་ཞུའི་གྲངས་འབོར་གྱི་བརྒྱ་ཆའི་ཉི་ཤུ་དངུལ་གཏའ་འཇོག་དགོས་པའི་བླང་བྱ་བཏོན་པ་དང་། དངུལ་བུན་རེ་ཞུའི་གྲངས་འབོར་གྱི་བརྒྱ་ཆའི་སུམ་ཅུ་འཁོར་རྒྱུག་ལ་སྤྱད་དེ་སྔ་རྗེས་སུ་གནོད་འཚེ་ཕོག་མཁན་གྱི་ལག་ནས་སྒོར34200གཡོ་ལེན་བྱས། གནོད་འཚེ་ཕོག་མཁན་གྱིས་མགོ་སྐོར་ཐེབས་པ་ཤེས་རྗེས་རྨ་ཆེན་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་དུ་གྱོད་དོན་སྙན་སེང་ཞུ་བར་ཡོང་བ་རེད།
གྱོད་དོན་སྙན་སེང་འབྱོར་རྗེས་གྱོད་གཞི་དང་ལེན་བྱེད་མཁན་མི་དམངས་ཉེན་རྟོག་པས་འཕྲལ་མར་གྱོད་འབྲེལ་མ་དངུལ་གཏོང་མཚམས་བཞག་པ་དང་འབྲེལ་མ་དངུལ་འཁོར་རྒྱུག་ལ་དམིགས་ནས་བརྟག་དཔྱད་དཔང་ལེན་གྱི་ལས་དོན་གང་མགྱོགས་ཀྱིས་སྤེལ་ཞིང་། གཡོ་ཐབས་ལ་ངོ་རྒོལ་བྱེད་པའི་གཞི་གྲངས་ཆེན་མོར་བརྟེན་ནས་གྱོད་འབྲེལ་ཐོ་ཁུངས་ལ་དབྱེ་ཞིབ་བྱས་ཏེ་ཁུངས་སྣེ་དང་དམིགས་བསལ་གྱི་ཐབས་ལམ་བརྒྱུད་ནས་བྱ་བ་བསྒྲུབས་པ་དང་། དོན་དག་དེར་ཞིབ་ཚགས་ལྡན་པའི་ངང་དབྱེ་ཞིབ་བྱས་པས་གྱོད་འབྲེལ་རྩིས་ཐོ་དེ་མཚོ་སྔོན་གྱི་དངུལ་ཁང་ཞིག་གི་ཐོ་ཁོངས་སུ་འགྲོ་རྒྱུག་བྱེད་ཀྱིན་ཡོད་པ་ཤེས།

གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་མྱུལ་ཞིབ་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་མི་མང་པོ་ཞིག་གིས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་དངུལ་ཁང་གི་གཱ་མང་པོ་གཉེར་རྗེས། དངུལ་ཁང་གཱ་དེ་ཉེས་བསགས་ཚོགས་པའི་ཁོངས་མིར་གཅིག་གྱུར་ཐོག་སྤྲད་པ་དང་། དེ་རྗེས་ཁོངས་མི་དེས་དངུལ་ཁང་གི་གཱ་དེ་རྣམས་ཡང་བསྐྱར་རིམ་པ་གོང་མའི་ཉེས་བསགས་ཚོགས་པར་སྤྲད་ཚེ། ཟླ་རེ་བཞིན་གཱ་གཉེར་མཁན་ལ“གླ་ཆ”སྤྲོད་ཀྱིན་ཡོད་པ་ཤེས་རྟོགས་བྱུང་། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲལ་མར་རྫོང་སྤྱི་བདེ་ཅུས་ཀྱི་འགོ་ཁྲིད་གཙོ་བོར་སྙན་སེང་ཞུས་པ་དང་འབྲེལ་ཆེད་དོན་ཚོ་ཆུང་བཙུགས་ནས་ཟི་ལིང་སོགས་སུ་བསྐྱོད་དེ་མྱུལ་ཞིབ་ལས་དོན་སྤེལ་བ་རེད།
གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཉིན་མཚན་འགའ་ལ་སྲུང་པ་དང་བཅར་འདྲི་དང་གྲལ་བཤེར་བྱས་པ་བརྒྱུད། ཐེམ་ཐོ་ཀན་སུའུ་ནས་ཡིན་པའི་མཱ་ཆེ་གེ་མོས་ཟི་ལིང་གི་ཨར་ཁང་ཞིག་ཏུ་ལས་ཀ་བྱེད་པའི་གོ་སྐབས་སྤྱད་དེ་ཨར་ཁང་དེའི་ལས་སྒྲུབ་མི་སྣ་གཞན་དག་སྒྲིག་འཛུགས་ཐེངས་མང་བྱས་ནས་དངུལ་ཁང་གཱ་བཟོས་པ་དང་དྲ་ཐོག་ཏུ་ཉོ་ཚོང་བྱས་པར་ཁྲིམས་འགལ་གྱི་ཁེ་ཕན་རེག་ཐབས་བྱས། དེ་དང་ཆབས་ཅིག་མཱ་ཆེ་གེ་མོ་དང་དེའི་ལས་གྲོགས་རྟག་ཏུ་ཟི་ལིང་གི་གཞིས་ཁུལ་ཞིག་ཏུ་འགྲོ་འོང་བྱེད་ཀྱིན་ཡོད་པ་དང་ཁུངས་སྣེ་གཞན་ལས་མངོན་པར་གཞིགས་ན། གཞིས་ཁུལ་དེའི་དུད་ཚང་ཞིག་ནི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་བསགས་ཚོགས་པའི་ནག་དངུལ་ལེན་ས་ཡིན་འདུག

གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་སྔར་བས་གྲལ་བཤེར་དང་མྱུལ་ཞིབ་བྱས་པ་བརྒྱུད་ཐེམ་ཐོ་ཧྥུའུ་ཅན་ནས་ཡིན་པའི་ཞེ་ཆེ་གེ་མོ་དང་སུའུ་ཆེ་གེ་མོ་གཙོ་བྱས་པའི་ཉེས་བསགས་ཚོགས་པ་ཞིག་གིས་ཟི་ལིང་དུ་ཁྲིམས་འགལ་བྱ་སྤྱོད་སྤེལ་ཏེ། གྱོད་གཞི་བཟོ་ཡུལ3དུ་དངུལ་ཁང་གི་གཱ་འཚོལ་བསྡུ་བྱས་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་དྲ་ཐོག་ཚོགས་པས་ནག་དངུལ་ལེན་པའི་ཉེས་པ་བསགས་ཡོད་པ་ཤེས་རྟོགས་བྱུང་། གོང་གི་གྱོད་གཞི་བཟོ་ཡུལ3པོའི་མི་སྣ་མང་བ་དང་། སྒྲིག་གཞི་ཞིབ་ཚགས་ཡིན་པ། ལས་བགོས་གསལ་བ། རྩ་འཛུགས་ཚགས་དམ་པ་བཅས་ཡིན་པས་དུས་ཡུན་རིང་པོར་ཟི་ལིང་དུ་ཁ་བསླུས་རྒྱག་པ་དང་ནག་དངུལ་ལེན་པའི་ནག་ཉེས་བསགས་པ་རེད།
མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་དང་མགོ་ལོག་ཁུལ་སྤྱི་བདེ་ཅུས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག་ཕྱིས་ཀྱི་མྱུལ་ཞིབ་གཟབ་ནན་བྱས་པ་བརྒྱུད། ཟླ10པའི་ཚེས29ཉིན་གྱི་དགོང་མོར། ཉེས་བསགས་ཚོགས་པ་དེའི་དོགས་ཡོད་ཉེས་ཅན12ཚང་མ་གྱོད་གཞི་བཟོ་ཡུལ་དུ་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཆེད་དོན་ཚོ་ཆུང་གིས་འཕྲལ་མར་ཕར་རྒོལ་བྱས་ནས་འཛིན་བཟུང་བྱ་རྒྱུར་ལག་བསྟར་བྱས་ཏེ་མཱ་ཆེ་གེ་མོ་དང་། སུའུ་ཆེ་གེ་མོ། ཞེ་ཆེ་གེ་མོ་བཅས་གཙོ་བྱས་པའི་ཉེས་བསགས་དོགས་ཅན12ཚང་མ་འཛིན་བཟུང་བྱས་པ་དང་འབྲེལ་གྱོད་གཞི་བཟོ་བྱེད་ཀྱི་ཡོ་བྱད་ཚང་མ་གཞུང་བཞེས་བྱས་པ་རེད།
མིག་སྔར་གྱོད་དོན་སྔར་ལས་ལྷག་པའི་སྒོ་ནས་སྒྲུབ་བཞིན་འདུག