ཐེམ་ཐོ་སྒྱུར་བར་སྟབས་བདེ་ཆེན་པོ་བཟོས་འདུག
སྤེལ་དུས 2021-11-10
ཡོང་ཁུངས། སེམས་ཀྱི་ཞིང་ཁམས།
རྩོམ་པ་པོ།
ཐེམ་ཁོངས་དོ་དམ་གྱི་གློད་འདོམས་ཞབས་གསུམ་སྒྱུར་བཅོས་གཏིང་ཟབ་བྱས་ནས། ཐེམ་ཁོངས་སྲིད་དོན་ཞབས་ཞུའི་སྟབས་བདེ་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་ཆེད། སྤྱི་བདེ་པུའི་དུས་ཁག་དང་པོའི་ཞིང་ཆེན་བརྒལ་ནས་ལས་སྒོ་གཉེར་བའི་ཐེམ་ཐོ་སྤོ་སྒྱུར་ཚོད་ལྟའི་ཚན་པ་ཞིག་གི་ངོས་ནས། ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཐེམ་ཁོངས་ལས་སྒོའི་སྒྱུར་བཅོས་ཀྱི་ཞིང་ཆེན་བརྒལ་བའི་ལས་སྒོ་ཐོག་མ་དེ་གཉེར་ཡོད་པ་རེད།
ཉེ་ཆར། ལྷ་སའི་གྲོང་མི་སྐུ་ཞབས་ཞུའུ་ལགས་གྲ་བཞི་མངགས་གཏོང་ཁང་གི་ཐེམ་སྲིད་ཞབས་ཞུའི་ཚོམས་ཆེན་དུ་རང་ཉིད་ཀྱི་བུའི་ཐེམ་ཐོ་སྒྱུར་བའི་ལས་སྒོ་གཉེར་བར་ཡོང་བ་དང་། ལས་སྒོ་གཉེར་སྐབས། མི་དམངས་ཉེན་རྟོག་པས་ཁོང་ལ་སྤྱི་བདེ་པུའི་ཐེངས་འདིའི་ཚོད་ལྟའི་ལས་སྒོར་མཁོ་བའི་ཡིག་ཆ་དང་ལས་སྒོ་གཉེར་བའི་འགྲོ་ལུགས་འགྲོ་སྟངས་སོགས་གསལ་འགྲེལ་གཏིང་ཟབ་བྱས་པས། ཁོང་གིས་ཞིང་ཆེན་བརྒལ་ནས་ཐེམ་ཐོ་སྒྱུར་བའི་ལས་སྒོའི་མོས་མཐུན་ཡི་གེར་ས་ཡིག་བཀོད་རྗེས། ཐེམ་ཐོ་སྒྱུར་ཆོག་པའི་འཛིན་ཡིག་འཁྱེར་ཏེ་ནང་ལ་ལོག་ནས་ལན་སྒུག་བསྡད་ཡོད།
ཉིན་གཉིས་པར། གྲ་བཞི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོང་ལ་བུའི་ཐེམ་ཐོ་ལེན་པར་ཡོང་བའི་བརྡ་བཏང་བ་དང་། ཁོང་གིས་ལས་སྒོ་འདི་དངོས་ནས་ཡག་པོ་འདུག སྟབས་བདེ་བའི་ཁར་མགྱོགས་པོ་ཡང་ཧ་ཅང་འདུག ང་རང་ཕར་རྒྱུག་ཚུར་རྒྱུག་བྱེད་པའི་དུས་ཚོད་གྲོན་ཆུང་ཐུབ་སོང་། དངོས་གནས་དམངས་ཕན་གྱི་བྱ་ཐབས་ཤིག་རང་རེད་འདུག་ཅེས་གསུངས་པ་རེད།
ཤེས་རྟོག་བྱུང་བར་གཞིགས་ན། ཉིན་ཤས་གོང་བོད་དུ་སི་ཁྲོན་དང་། གྲུང་ཆིང་། ཀུའེ་ཀྲོའུ་བཅས་ཀྱི་ཐེམ་ཐོ་སྒྱུར་བའི་ལས་སྒོ་༥གཉེར་འགོ་ཚུགས་ཡོད་པ་དང་། མིག་སྔར། ཐེམ་ཁོངས་བོད་ལྗོངས་དང་། སི་ཁྲོན། གྲུང་ཆིང་། ཀུའེ་ཀྲོའུ་བཅས་ནས་ཡིན་པའི་མི་སྣས་ས་ཆ་གཞན་ནས་ལས་ཀའི་རྐྱེན་གྱིས་ཐེམ་ཐོ་སྒྱུར་པ་དང་། སློབ་ཆེན་ལ་རྒྱུགས་འཕྲོད་ནས་ཐེམ་ཐོ་སྒྱུར་པ། སློབ་ཆེན་ཐོན་ནས་ཐེམ་ཐོ་སྒྱུར་པ། བཟའ་ཚང་དབར་ཐེམ་ཐོ་སྒྱུར་པ། དེ་བཞིན་ཕ་མའི་ཐེམ་ཐོ་བུ་ཕྲུག་ཡོད་སར་སྒྱུར་པ་བཅས་ཀྱི་རེ་ཞུ་འབུལ་སྐབས། ཐད་ཀར་ཐེམ་ཐོ་སྒྱུར་ཡུལ་གྱི་སྤྱི་བདེ་ལས་ཁུངས་ལ་ཕྱིན་ནས་རང་མོས་ཀྱིས་ཞིང་ཆེན་བརྒལ་ནས་ལས་སྒོ་གཉེར་བའི་ཞབས་ཞུ་བདམས་ནས་གཉེར་ན། ས་དེ་རུ་ཐེམ་ཐོ་སྒྱུར་ཆོག་ལ་འགྲོ་ལུགས་འཁྱེར་ནས་ཕར་རྒྱུག་ཚུར་རྒྱུག་བྱ་མི་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།