ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཟས་རིགས་ཐོན་སྐྱེད་ཀྱི་དུས་ཚོད་བཅོས་པའི་གྱོད་གཞི་ཞིག་རྩད་ཆོད་པ།

སྤེལ་དུས 2021-11-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་གྲོང་བྱང་སུའོ་ཡི་ཁྲིམས་འཛིན་མི་སྣས་ཁྲོམ་ར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་བྱས་ཤིང་། ཞིབ་བཤེར་བྱེད་སྐབས་སུ་ལི་ཆེ་གེ་མོས་ཐོན་སྐྱེད་གཉེར་སྐྱོང་གི་མཚོན་རྟགས་བཀོད་པའི་ཐོན་སྐྱེད་ཀྱི་དུས་ཚོད་གཡོ་བཅོས་བྱས་པའི་ཟས་རིགས་བཙོང་བ་དང་། དུས་བཀག་ལྟར་ཟས་རིགས་བདེ་འཇགས་གནས་ཚུལ་ལ་ཞིབ་བཤེར་བྱས་མེད་པའི་དོགས་གཞི་ཡོད་པའི་དོན་དངོས་ཤིག་ཤེས་རྟོགས་བྱུང་རྗེས། འཕྲལ་མར་གྱོད་གཞིའི་ཁུངས་སྣེ་ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ལ་སྙན་སེང་ཞུས་པ་རེད།

           ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྣེ་གདོང་ཆུས་ལྟ་སྐུལ་ཅུས་ལ་མཉམ་འབྲེལ་བྱས་ཏེ་ཁྲིམས་འཛིན་མི་སྣ་འཕྲལ་དུ་འགུལ་སྐྱོད་བྱས་པ་དང་། འཕྲལ་སྒྲུབ་ཞིབ་བཤེར་བྱས་ནས་ལི་ཆེ་གེ་མོའི་སྡོད་གནས་སུ་ཐོན་སྐྱེད་དུས་ཚོད་གཡོ་བཅོས་བྱེད་པར་སྤྱོད་པའི་ཨང་དཔར་འཕྲུལ་ཆས10དང་། སྣུམ་སྣག་འཁྲུད་རྫས་ཤེལ་དམ5དང་། མྱུར་སྐམ་སྣུམ་སྣག་ཤེལ་དམ24དང་། པར་འདེབས་དུས་ཚོད་ཀྱི་མ་དཔེ8བཅས་གསར་རྙེད་བྱས། དེ་དང་ཆབས་ཅིག་ཏུ་ལི་ཆེ་གེ་མོའི་སྡོད་གནས་ནས་ཟས་རིགས་སྣ་ཁ18ཀྱི་ཐུམ་སྒྲིལ་དུས་ཚོད་ཀྱི་མཚོན་རྟགས་དང་། ཡིག་གཟུགས། འབྲུ་རྟགས་བཅས་ཨང་དཔར་འཕྲུལ་ཆས་ལས་མངོན་པའི་དུས་ཚོད་དང་། ཡིག་གཟུགས། འབྲུ་རྟགས་ལ་རྦད་དེ་གཅིག་མཚུངས་ཡིན་པ་ཤེས་རྟོགས་བྱུང་། གཞན་ཡང་གསོག་ཉར་བྱས་པའི་ཟས་རིགས་སྣ7པོ་ཡང་དུས་ཡོལ་བ་དང་གྱོད་འབྲེལ་དངོས་རྫས་ཏུན1.5ཡོད་པའི་དངོས་ཟོག་གི་རིན་ཐང་སྒོར21120ཟིན་ཡོད། ཁྲིམས་འཛིན་མི་སྣས་འཕྲལ་མར་འབྲེལ་ཡོད་ཟས་རིགས་ས་གནས་དེ་རང་དུ་བཀག་སྡོམ་ཉར་ཚགས་བྱས་ནས་གྱོད་དོན་ཐོ་འགོད་ཀྱིས་བརྟག་དཔྱད་བྱས་པ་རེད།

           བརྟག་དཔྱད་བྱས་པ་བརྒྱུད་དེ་ལི་ཆེ་གེ་མོས་སྔོན་ལ་སྣུམ་སྣག་གཙང་འཁྲུད་རྫས་སྤྱད་དེ་ཟས་རིགས་ཀྱི་ཕྱིའི་ཐུམ་སྒྲིལ་ཐོག་གི་སྔར་ཡོད་ཐོན་སྐྱེད་ཀྱི་དུས་ཚོད་གཙང་སེལ་བྱས་པ་དང་། དེ་ནས་ཨང་དཔར་འཕྲུལ་ཆས་སྤྱད་དེ་ཐོན་སྐྱེད་ཀྱི་དུས་ཚོད་གསར་པ་ཞིག་ཡང་བསྐྱར་དཔར་ནས་ཉིན་ཤས་ནང་མུ་མཐུད་དུ་ཕྱིར་ཚོང་རྒྱུ་གྲ་སྒྲིག་བྱེད་ཀྱིན་ཡོད། དེ་ཡང་ཁྲིམས་འཛིན་མི་སྣས་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱས་པས་གྱོད་འབྲེལ་ཟས་རིགས་ཚང་མ་ཚོང་རར་བྲིན་འཚོང་བྱེད་ཐུབ་མེད།

           ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གྱོད་གཞི་དེའི་གནས་ཚུལ་ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ཁང་ལ་སྙན་སེང་ཞུས་པ་དང་། ཕྱོགས་གཉིས་པོས་གྲོས་མོལ་བྱས་རྗེས་སུ། ལི་ཆེ་གེ་མོས་ཐོན་སྐྱེད་གཉེར་སྐྱོང་གི་མཚོན་རྟགས་བཀོད་པའི་ ཐོན་སྐྱེད་ཀྱི་དུས་ཚོད་གཡོ་བཅོས་བྱས་པའི་ཟས་རིགས་བཙོང་བ་དང་། དུས་བཀག་ལྟར་ཟས་རིགས་བདེ་འཇགས་གནས་ཚུལ་ལ་ཞིབ་བཤེར་བྱས་མེད་པ་དོན་དངོས་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་ཉེར་བཞི་པ་དང་བརྒྱ་དང་ཉེར་དྲུག་པའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ལི་ཆེ་གེ་མོར་ཁྲིམས་ལྟར་ཐ་ཚིག་སྒྲོག་པ་དང་ཁྲིམས་འགལ་ངང་ཐོན་སྐྱེད་གཉེར་སྐྱོང་བྱས་པའི་ཟས་རིགས་དང་དེ་བཞིན་སྒྲིག་ཆས་ཆ་ཚང་གཞུང་བཞེས་བཏང་བ་མ་ཟད། དངུལ་ཆད་སྒོར་ཁྲི11.25གཅོད་རྒྱུའི་སྲིད་འཛིན་ཆད་པ་བཅད།

           ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲིམས་འགལ་བྱ་སྤྱོད་དེ་རིགས་ལ་མུ་མཐུད་ནས་རྡུང་རྡེག་གཏོང་རྒྱུ་དང་། རྒྱ་ཆེའི་འཛད་སྤྱོད་པར་ཐུམ་སྒྲིལ་ཟས་རིགས་ཉོ་སྐབས་ཚོང་ཟོག་གི་ཤོག་བྱང་དུ་གསལ་བའི་བཟོ་གྲྭའི་མིང་དང་། བཟོ་གྲྭའི་གནས་ཡུལ། ཐོན་སྐྱེད་དུས་ཚོད་བཅས་དབྱེ་འབྱེད་ནན་ཏན་བྱེད་དགོས་པ་དང་། གསུབ་བཅོས་ཀྱི་ཤུལ་ལམ་ཡང་ན་ཚོང་ཟོག་གི་མཚོན་རྟགས་རྩུབ་པོ་པར་འདེབས་བྱས་པ་རྣམས་ལ་དོ་སྣང་བྱེད་དགོས། “མེད་པ་གསུམ”གྱི་ཐོན་རྫས་སམ་ཡང་ན་མཚོན་རྟགས་འཐུས་སྒོ་མི་ཚང་བ་དང་བཟོ་བཅོས་བརྒྱབ་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་ཚེ་དུས་ཐོག་ཏུ12315ལ་ཞུ་གཏུག་ཐེར་འདོན་ཁ་པར་གཏོང་རྒྱུ་གསལ་འདེབས་བྱས།
རྩོམ་སྒྲིག་པ། བདེ་སྒྲོན།