ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་གྱོད་གཞི802ལ་ཞིབ་བཤེར་བྱས།

སྤེལ་དུས 2021-11-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཁོངས་གཏོགས་ཀྱི་དུས་ཚིགས་བཞི་པའི་འགྲིམ་འགྲུལ་བདེ་འཇགས་ཐོན་སྐྱེད་ལས་དོན་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་མིག་སྔའི་ལྷ་ས་གྲོང་ཁྱེར་གྱི་གཞུང་ལམ་འགྲིམ་འགྲུལ་དོ་དམ་ལས་དོན་ལ་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། དངོས་སུ་གོ་ཆོད་པའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཞིབ་འཇུག་བྱས་ནས་བཟོས་པར་མ་ཟད། ད་ལོའི་ལྷ་ས་གྲོང་ཁྱེར་གྱི་དུས་ཚིགས་བཞི་པའི་འགྲིམ་འགྲུལ་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སླར་ཡང་སྐུལ་སློང་དང་བཀོད་སྒྲིག་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་རྣམ་པ་རྒྱུན་མཐུད་དང་བརྟན་པོ་ཡོང་བར་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱས་ཡོད་པ་རེད། 

          གསར་འགོད་པས་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་ཆང་རག་བཏུངས་ནས་རླངས་འཁོར་གཏོང་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་ལ་བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཤིང་། ཡུལ་དུས་ངེས་པ་མེད་པར་ཞིབ་བཤེར་ཐེངས་མང་པོ་བྱས་ལ། དེའི་རིང་ལ་ཉེན་རྟོག་པ་མི་ཐེངས5716བཏང་བ་དང་། ཉེན་རྟོག་པའི་རླངས་འཁོར་ཐེངས1477བཏང་བ། གཏན་འཇགས་ལས་སྒྲུབ་ས་ཚིགས1027བཀོད་སྒྲིག་བྱས་ལ། ར་བཟི་ནས་རླངས་འཁོར་གཏོང་བའི་གྱོད་གཞི་ཁྱོན802ཞིབ་བཤེར་ཐག་གཅོད་བྱས་པ་མ་ཟད། བཅོས་སྒྲིག་དང་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཚད་གཞི་མཐོན་པོའི་སྒོ་ནས་སེལ་ཞིང་། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་བཏང་ཡོད་པ་རེད། 

           ཚོགས་འདུའི་ཐོག་ཏུ་བསྟན་དོན། ད་ལོ་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག “ཉུང་འཕྲི་ཚོད་འཛིན།”འགྲིམ་འགྲུལ་གནད་དོན་གྱི་དཀའ་གནད་བཅོས་སྒྲིག་དང་། དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་ཀའི་གཙོ་གནད་ལ་དམ་པོར་དམིགས་ཏེ། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་གི་ལས་དོན་ལ་སྤྱི་འདོམས་སྒོས་སྐུལ་འདེད་བཏང་བས། ལས་དོན་ཁག་ཚང་མ་ལེགས་པོར་འགྲུབ་ཅེས་བསྟན།
          ཚོགས་འདུའི་ཐོག་ཏུ་ནན་གྱིས་བསྟན་དོན། དུས་ཚིགས་བཞི་པ་ནི་ཐོན་སྐྱེད་ཁེ་ལས་ཚང་མས་སོ་སོའི་ལས་ཀར་འབད་པ་དང་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ལས་དུས་འཕར་མར་ལས་ཀ་བྱས་ནས་དམིགས་ཚད་ལས་འགན་སྒྲུབ་པའི་དུས་ཤིག་ཡིན་ལ། ལས་མི་རྣམས་ཕ་ཡུལ་དུ་ལོག་པ་མང་བའི་དུས་ཤིག་ཀྱང་ཡིན་པས། འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁའི་འགོག་རྐྱེན་སྣ་ཚོགས་སྔར་ལས་མངོན་གསལ་དོད་པོར་ཕྱིན་ནས་བདེ་འཇགས་ཀྱི་ཐད་ལ་དཀའ་ངལ་འཕྲད་བཞིན་ཡོད། དེར་བརྟེན་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཚད་གཞི་མི་གཅོག་ཅིང་། ནུས་ཤུགས་ཇེ་ཆུང་དུ་མི་གཏོང་བ། བྱེད་ཐབས་ལྷོད་ཡངས་སུ་མི་གཏོང་བ་བཅས་ཀྱི་བླང་བྱ་གཞིར་བཟུང་སྟེ། གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་སྣ་ཚོགས་ཐོན་པར་མཐའ་གཅིག་ཏུ་བཀག་འགོག་བྱས་ནས་ལྷ་སའི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་རྣམ་པ་མུ་མཐུད་ངང་བརྟན་པོ་དང་ཇེ་ལེགས་སུ་འགྲོ་རྒྱུར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 

           ཚོགས་འདུའི་ཐོག་ཏུ་ལྷ་ས་གྲོང་ཁྱེར་གྱི་རིམ་པ་ཁག་གི་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་བརྗོད་དོན། གོམ་སྟབས་རྗེས་མར་འགྲིམ་འགྲུལ་གནད་དོན་གྱི་བཅོས་དཀའ་བའི་གནད་དོན་གཅིག་སྡུད་བཅོས་སྒྲིག་དང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་མུ་མཐུད་གཏིང་ཟབ་མོར་སྤེལ་བ། དོན་རྐྱེན་སྔོན་འགོག་དང་“ཉུང་འཕྲི་ཚོད་འཛིན”གྱི་ལས་དོན་ལ་སྐུལ་འདེད་གཏོང་བ། གཞུང་ལམ་འགྲིམ་འགྲུལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་ཇེ་མགྱོགས་སུ་བཏང་ནས། བདེ་འཇགས་ཤར་བགྲོད་ཐུབ་པའི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོགས་འདུ་འདིའི་དམིགས་ཡུལ་ནི་ལོ་ཧྲིལ་པོའི་བགྲོད་ལམ་འགྲིམ་འགྲུལ་གྱི་མངོན་མེད་རྐྱེན་ངན་རྩད་ཞིབ་དང་ལོ་ཧྲིལ་པོའི་ནང་ཆང་རག་བཏུངས་ནས་རླངས་འཁོར་གཏོང་བའི་ཞིབ་བཤེར་ལས་དོན་གྱི་གནས་ཚུལ་དང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་བཅས་བརྡ་ཁྱབ་བཏང་ནས། སྡེ་ཁག་སོ་སོས་མཉམ་དུ་དམ་འཛིན་བྱེད་པ་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་དང་མངོན་གསལ་དོད་པའི་གནད་དོན་གལ་ཆེན་ལ་དམིགས་ཏེ། འགྲིམ་འགྲུལ་བདེ་འཇགས་དོགས་ཟོན་གྱི་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས། དུས་ཚིགས་བཞི་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་འཛུགས་དགོས་པ་དེ་ཡིན།
རྩོམ་སྒྲིག་པ། བདེ་སྒྲོན།