ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

རྩོད་ཉོའི་མཉེན་ཆས་བཟོས་ནས་སྒོར་ཁྲི57བླངས་པས་ཁྲིམས་ཆད་བཅད།

སྤེལ་དུས 2021-11-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

           ཚོང་ཟོག་འཕྲོག་རྩོད་ཀྱི་མཉེན་ཆས་མང་པོ་ཞིག་གི་རྒྱབ་ལོགས་སུ་ཁྲིམས་འགལ་གྱིས་ཁེ་བཟང་རག་ཐབས་བྱེད་མཁན་གྱི་དོགས་ཡོད་ཉེས་ཅན་ཡོད། ཉེ་ཆར་ཅང་སུའུ་ནན་ཐུང་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་རྩིས་འཁོར་གྱི་ཆ་འཕྲིན་མ་ལག་དང་ཡོ་བྱད་ལ་སིམ་འཛུལ་དང་ཁྲིམས་འགལ་ངང་ཚོད་འཛིན་བྱེད་པའི་ཞིབ་གཅོད་གཉིས་ཐག་གཅོད་བྱས་པ་རེད། ནན་ཐུང་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་སའི་ཞིབ་གཅོད་བྱས་པ་བརྒྱུད་དེ་ཞིབ་གཅོད་དང་པོའི་ཐག་གཅོད་རྒྱུན་འཁྱོངས་བྱས་ཏེ། ཝང་ཆེ་གེ་མོ་སོགས་ཞུ་སྦྱོར་ཕྱི་མ་མི6ལ་ཁྲིམས་ཆད་བཅད།  
           ཞིབ་གཅོད་དང་པོའི་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་ནས2018ལོའི་ཟླ10པའི་བར། ཝང་ཆེ་གེ་མོས་ཁེ་བཟང་རག་ཆེད་ཐའོ་པའོ་དྲ་ཐོག་ནས་ཚོང་ཟོག་འཕྲོག་རྩོད་རྒྱག་པའི་ནུས་པ་ལྡན་པའི་མཉེན་ཆསHiRootབཟོས་པར་མ་ཟད། QQབརྒྱུད་དེ་ཞུ་སྦྱོར་ཕྱི་མ་ཏན་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་སོགས་མི་མང་པོ་ཞིག་ལ་བཙོངས་ནས་ཁྲིམས་འགལ་ངང་ཁེ་བཟང་སྒོར་ཁྲི57ལ་ཉེ་བ་རག་ཡོད། གཞན་ཡང་ཞུ་སྦྱོར་ཕྱི་མ་མི་ལྔ་པོས་མཉེན་ཆས་དེར་རྩིས་འཁོར་ཆ་འཕྲིན་མ་ལག་གི་བདེ་འཇགས་སྲུང་སྐྱོང་ནུས་པ་ལས་གཡོལ་ཡོད་པ་ཤེས་བཞིན་དུ་སྔར་བཞིན་མཉེན་ཆས་དེ་ཉོས་ནས་མི་མང་པོ་ཞིག་ལ་བཙོངས་ནས་བེད་སྤྱོད་དུ་བཅུག་སྟེ་སོ་སོར་ཁྲིམས་འགལ་གྱིས་ཁེ་བཟང་སྒོར་ཆིག་སྟོང་ནས་སྒོར་ཁྲི་བར་རག་ཡོད་པ་རེད། 2020ལོའི་ཟླ10པའི་ཚེས30ཉིན། གྱོད་གཞི་འདིར་ཞིབ་གཅོད་ཐེངས་དང་པོ་བྱེད་པའི་སྐབས་སུ་རྩིས་འཁོར་གྱི་ཆ་འཕྲིན་མ་ལག་གི་བསྒྲིགས་རིམ་དང་ཡོ་བྱད་ལ་སིམ་འཛུལ་དང་ཁྲིམས་འགལ་ངང་ཚོད་འཛིན་བྱེད་པའི་ཞིབ་གཅོད་དང་པོ་ཐག་གཅོད་བྱས་ཏེ། ཝང་ཆེ་གེ་མོ་སོགས་ཞུ་སྦྱོར་ཕྱི་མ་མི6པོར་དུས་བཀག་བཙོན་འཇུག་ལོ3གྱི་ཉེས་ཆད་ཕྱིར་འགྱངས་ལོ5ནས་བཙན་ཉར་ལས་སྐུལ་ཟླ6གི་ཉེས་ཆད་ཕྱིར་འགྱངས་ཟླ9སོགས་ཀྱི་ཁྲིམས་ཐག་བཅད་པས།  ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་གཉིས་ཀྱིས་དེའི་ཐད་བློར་མ་བབས་པར་ནན་ཐུང་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས།
           ཞུ་གཏུག་བྱེད་མཁན་གྱིས་བརྗོད་དོན། མཉེན་ཆསHiRootལས་བཀོལ་པའི་གཞི་གྲངས་ནི་ཕྱི་ལ་ཡོངས་བསྒྲགས་བྱས་ཡོད་པས། ཐའོ་པའོ་ལ་ཕར་རྒོལ་བྱེད་པའི་བྱ་སྤྱོད་ཀྱི་ཁོངས་སུ་མི་གཏོགས་ཞེས་ཟེར། རྒྱུ་མཚན་དེ་དག་ཐོས་མ་ཐག་གནས་ལུགས་ཆེན་པོ་ལྡན་པར་སྣང་མོད། འོན་ཀྱང་གྱོད་གཞི་སྒྲུབ་མཁན་གྱི་ཉེས་སྒྲུབ་ཅ་ལག་ལ་དཔྱད་བསྡུར་བྱས་པ་བརྒྱུད་ནས། སྤྱོད་མཁན་དང་ཐའོ་པའོ་ཞབས་ཞུའི་ཡོ་ཆས་ཀྱི་འཕྲིན་གཏོང་བརྒྱུད་རིམ་ཁྲོད་དུ་ཐོན་པའི་ཚོང་ཟོག་ཆ་འཕྲིན་དང་མངགས་ཐོའི་ཆ་འཕྲིན་སོགས་གཞི་གྲངས་ཚང་མ་ནི་ཉེས་ཁྲིམས་ནང་གཏན་འབེབས་བྱས་པའི་རྩིས་འཁོར་གྱི་ཆ་འཕྲིན་མ་ལག་གི་གཞི་གྲངས་ཡིན་པ་སྔར་ལས་ཤེས་རྟོགས་གསལ་པོ་བྱུང་བ་སྟེ། མཉེན་ཆསHiRootབཀོལ་ནས་གང་འདོད་དུ་ཆ་འཕྲིན་འདི་དག་སྡུད་ལེན་བྱས་པ་ནི་དབང་ཆ་མ་སྤྲད་པའི་གཞི་གྲངས་ལེན་པའི་ཁོངས་སུ་གཏོགས་པ་ངེས་གཏན་རེད།   
           གྱོད་སྒྲུབ་ཞིབ་དཔྱོད་དཔོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། “མཐོ་གཉིས(ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང)”དང《རྩིས་འཁོར་གྱི་ཆ་འཕྲིན་མ་ལག་གི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་དོན་གྱོད་གཞིའི་ཉེར་སྤྱོད་བཅའ་ཁྲིམས་ཀྱི་གནད་དོན་འགའི་སྐོར་གྱི་འགྲེལ་བཤད》ལ་གཞིགས་ན། མཉེན་ཆསHiRootདེ་ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་གྱ་ལྔ་པའི་ནང་གསེས་ཚན་པ་གསུམ་པར་གཏན་འབེབས་བྱས་པའི་“ཆེད་དུ་རྩིས་འཁོར་གྱི་ཆ་འཕྲིན་མ་ལག་ནང་སིམ་འཛུལ་དང་ཁྲིམས་འགལ་ངང་ཚོད་འཛིན་བྱེད་པའི་བསྒྲིགས་རིམ་དང་ཡོ་བྱད”ཀྱི་གྲས་སུ་ངོས་འཛིན་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།