ལྐོག་རྔན་སྒོར་དུང་ཕྱུར1ལ་ཉེ་བ་བླངས་མཁན་འདིར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག
སྤེལ་དུས 2021-11-18
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
2021ལོའི་ཟླ་11ཚེས་17ཉིན་གྱི་སྔ་དྲོ། ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཧར་པིན་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་གི་དེ་སྔའི་ཀྲུའུ་རེན་ཀྲང་མིང་ཅེ་ཡིས་ལྐོག་རྔན་བླངས་ཤིང་འགན་དབང་གང་བྱུང་དུ་སྤྱད་པ་དང་། གྱོད་གཞི་དེའི་ཞུ་སྦྱོར་ཕྱི་མ་གཞན་ཝང་ཧྲའོ་ཡུས་ཀྱིས་རྒྱུ་རྔན་ཟ་ལེན་བྱས་པའི་གྱོད་གཞིར་ཡོངས་བསྒྲགས་ཐོག་དཔྱད་མཚམས་བཏང་བ་རེད། ཀྲང་མིང་ཅེ་ལ་ལྐོག་རྔན་བླངས་པ་དང་འགན་དབང་གང་བྱུང་དུ་སྤྱད་པའི་ཉེས་མིང་ཐོག་ཚེ་བཙོན་གྱི་ཉེས་ཆད་བཅད་ཅིང་ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་བཏང་བ་དང་། ཝང་ཧྲའོ་ཡུས་ལ་ལྐོག་རྔན་བླངས་པའི་ཉེས་མིང་ཐོག་དུས་བཙོན་ལོ་བཅུ་བཞི་དང་དངུལ་ཆད་སྒོར་ཁྲི་300ཆབས་སྦྲགས་སུ་གཅོད་རྒྱུ་དང་། གྱོད་དོན་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཐོབ་ཆ་དང་དེའི་སྐྱེད་འཕེལ་གཞུང་བཞེས་གཏོང་རྒྱུ་དང་བདའ་འདེད་གཏོང་རྒྱུའི་ཁྲིམས་ཐག་བཅད་པ་རེད།

ཁྲིམས་ཁང་གིས་ཞིབ་གཅོད་བྱས་དོན་ལྟར་ན།2009ལོ་ནས་2011ལོའི་བར། ཞུ་སྦྱོར་ཕྱི་མ་ཀྲང་མིང་ཅེ་ཡིས་ཧར་པིན་གྲོང་ཁྱེར་ཏའོ་ལི་ཆུས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ་དང་ཏའོ་ལི་ཆུས་ཀྱི་ལམ་ལུགས་བསྒྱུར་བཅོས་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་གཅིག་ལྕོགས་བྱེད་རིང་གཞུང་ཁོངས་ཁེ་ལས་ཧར་པིན་གྲོང་ཁྱེར་གྱི་དེ་སྔའི་རྒྱུད་སྤེལ་ར་བ་མཉམ་ཉོ་བྱེད་པའི་ནང་དང་། དེ་བཞིན་ཧར་པིན་གྲོང་ཁྱེར་ཧར་པིན་ནས་ཆི་ཆི་ཧར་ལྕགས་ལམ་འགྲུལ་སྐྱེལ་ཆེད་ལམ་ལས་གྲྭ་འཛུགས་སྐྲུན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དང་། ཧར་པིན་གྲོང་ཁྱེར་ས་ཆ་གསོག་འཇོག་ལྟེ་གནས་གྲོང་ཁྱེར་འཛུགས་སྐྲུན་མ་དངུལ་ཚོགས་པ་ཚད་ཡོད་ཀུང་སིས་ཧར་པིན་གྲོང་ཁྱེར་གྱི་དེ་སྔའི་རྒྱུད་སྤེལ་ར་བའི་ས་ཆ་ཁག་ཅིག་ཉོ་སྒྲུབ་དང་གསོག་ཉར་བྱེད་སྐབས་ཉེ་ཕྱོགས་གཡོ་ཟོལ་དང་འགན་དབང་གང་བྱུང་དུ་སྤྱད་པས། ས་ཆ་བསྡུ་ཉོའི་ཁ་གསབ་དངུལ་དེ་མཉམ་ཉོའི་ཚན་པར་སྒྲིག་འགལ་ངང་ཐོབ་ཐབས་བྱས་པ་དང་། ལས་བཟོ་བཀོད་སྒྲིག་གི་མ་དངུལ་ཆ་ཤས་སྒྲིག་འགལ་ངང་སྤྱད་པ་སོགས་སྤྱི་པའི་རྒྱུ་ནོར་སྒོར་དུང་ཕྱུར་2.3259ལྷག་གི་གྱོང་གུན་བཟོས་ཡོད་པ་རེད།

2011ལོའི་ཟླ་11པ་ནས་2012ལོའི་ཟླ་7པའི་བར། ཞུ་སྦྱོར་ཕྱི་མ་ཀྲང་མིང་ཅེས་གོ་གནས་ཐོག་གི་སྟབས་བདེ་སྤྱད་དེ་མཉམ་ཉོའི་ཚན་པར་ཁེ་ཕན་རག་ཐབས་བྱས་ཤིང་། ཐོག་མར་དངུལ་བུན་གཡར་བའི་མིང་ཐོག་ནས་ཚན་པ་དེ་དངོས་སུ་ཚོད་འཛིན་བྱེད་མཁན་གྱི་ས་ནས་སྒོར་ཁྲི་500བླངས་པ་དང་། དེ་རྗེས་ཝང་ཧྲའོ་ཡུས་དང་མཉམ་དུ་ཧར་པིན་གྲོང་ཁྱེར་གྱི་དེ་སྔའི་རྒྱུད་སྤེལ་ར་བའི་རྐང་དབང་50%བླངས་པ་རེད། རྐང་དབང་དེ་དག་མི་དམངས་ཤོག་སྒོར་ཁྲི་9317ལྷག་གི་རིན་དོད་ཡིན། གྱོད་གཞི་ཐོན་རྗེས་གྱོད་སྒྲུབ་ལས་ཁུངས་ཀྱིས་ཁྲིམས་ལྟར་གོང་གསལ་ཚན་པའི་རྒྱུ་ནོར་དང་ཀྲང་མིང་ཅེ་དང་ཝང་ཧྲའོ་ཡུས་ཀྱི་ཁྲིམས་འགལ་ཐོབ་དངུལ་དང་དངོས་རྫས་ཁག་གཅིག་བཙན་ཉར་དང་བསྡམས་བཅད་བྱས་པ་རེད།
ཧར་པིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཀྲང་མིང་ཅེ་ཡིས་ལྐོག་རྔན་བླངས་པ་དང་འགན་དབང་གང་བྱུང་དུ་སྤྱད་པའི་བྱས་ཉེས་བསགས་པ་དང་། ཞུ་སྦྱོར་ཕྱི་མ་ཝང་ཧྲའོ་ཡུས་ཀྱི་བྱ་སྤྱོད་དེ་ལྐོག་རྔན་བླངས་པའི་བྱས་ཉེས་སུ་གྲུབ་པའི་ངོས་འཛིན་བྱས་ཤིང་ཁྲིམས་ཁང་གིས་གོང་གསལ་གྱི་དཔྱད་མཚམས་བཏང་བ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།