རིམས་ནད་ཡོད་པ་སྦ་གསང་བྱས་པས་ཁྲིམས་ཆད་བཅད་འདུག
སྤེལ་དུས 2021-11-19
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
གསར་འགོད་པས་ཟླ11པའི་ཚེས17ཉིན་ཀོང་ཞི་ཕིང་ཞང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁྲིམས་ཁང་དེས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་ཚའོ་ཆེ་གེ་མོས་རྒྱལ་ཁོངས་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་ལ་འགོག་རྐྱེན་བཟོས་པའི་གྱོད་གཞི་དེར་འདྲི་ཞིབ་བྱས་ནས་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་སྟེ། ཁོ་དུས་བཀག་བཙོན་འཇུག་ལོ2དང་ཁྲིམས་ཆད་ཕྱིར་འགྱངས་ལོ3བྱས་པ་མ་ཟད། མི་དམངས་ཤོག་སྒོར་ཁྲི20ཡི་དངུལ་ཆད་ཡང་བཅད་པ་རེད།

ཞིབ་དཔྱོད་ལས་ཁུངས་ཀྱིས་བརྗོད་དོན། 2021ལོའི་ཟླ4པར། ཚའོ་ཆེ་གེ་མོ་མཛའ་བརྩེ་འགག་སྒོ་བརྒྱུད་དེ་ཝེ་ཐེ་ནམ་རྒྱལ་ཁབ་ནས་ཀྲུང་གོའི་མངའ་ཁོངས་སུ་ཕྱིར་ལོག་པ་དང་། རྒྱལ་ཁོངས་སུ་ལོག་སའི་འགག་སྒོ་རུ་བདེ་ཐང་གསལ་བསྒྲགས་བྱང་བུའི་ནང་དོན་ཇི་བཞིན་མ་བཀོད་པར། ཝེ་ཐེ་ནམ་རྒྱལ་ཁོངས་སུ་སོང་ནས་ལོག་བཀར་བྱེད་པའི་རིང་ལ་ཁོ་རང་སྡོད་སའི་མགྲོན་ཁང་དུ་གཏན་ཁེལ་བྱུང་བའི་ཏོག་གསར་གློ་ཚད་ཀྱི་ནད་དཔེ་མང་པོ་བྱུང་བ་དང་། ཁོར་ཚ་བ་རྒྱག་པ་དང་ཏོག་གསར་གློ་ཚད་རིམས་ནད་ཀྱི་འབྲེལ་ཡོད་ནད་རྟགས་མངོན་པ་སོགས་ཀྱི་དོན་དངོས་སྦ་གསང་བྱས་པ་མ་ཟད། མགྲོན་ཁང་དུ་གཅིག་སྡུད་ཐོག་ལོགས་སུ་བཀར་ནས་ལྟ་རྟོག་བྱེད་སྐབས། ལོགས་བཀར་རིམས་འགོག་གི་བླང་བྱ་ལས་འགལ་ནས་རང་དགར་ལོགས་སུ་བཀར་བའི་ཁང་པ་ནས་བུད་དེ་གྲོགས་པོ་དང་ངོ་འཕྲད་པ་རེད། ཚའོ་ཆེ་གེ་མོས་དོན་དངོས་ལྟར་གནས་ཚུལ་ཡར་ཞུ་མ་བྱས་སྟབས། སྔ་རྗེས་སུ་ཉིན་དེའི་རླངས་འཁོར་གཅིག་པའི་འགྲུལ་པ་དང་། ཁ་ལོ་བ། དེ་མིན་ལོགས་སུ་བཀར་བའི་མགྲོན་ཁང་དུ་སྡོད་པའི་མི་གཞན་དག་བཅས་མི459གཅིག་སྡུད་དང་དུས་འགྱངས་སྒོས་ལོགས་སུ་བཀར་ནས་གསོ་རིག་རྟོག་ཞིབ་བྱས་པས། ཐད་ཀར་དཔལ་འབྱོར(རྒྱལ་ཁོངས་སུ་ཡོང་མཁན་གཅིག་སྡུད་ངང་ལོགས་སུ་བཀར་ནས་གསོ་རིག་རྟོག་ཞིབ་བྱེད་སྐབས་མགྲོན་ཁང་དུ་སྡོད་པའི་འགྲོ་སོང་།)གྱོང་གུད་མི་དམངས་ཤོག་སྒོར645862ཟིན་པ་དང་། གཞན་ཡང་མཛའ་བརྩེ་འགག་སྒོའི་ལས་དོན་མི་སྣ་ཁྱོན29ཉིན14ཁྱིམ་དུ་ལོགས་སུ་སྡོད་རྒྱུ་བཟོས་པས། འགག་སྒོའི་མི་སྣས་འགག་སྒོར་ལྟ་སྐུལ་དོ་དམ་བྱེད་པའི་ལས་དོན་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་རེད།
ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད་དེ། ཞུ་སྦྱོར་ཕྱི་མ་ཚའོ་ཆེ་གེ་མོས་རྒྱལ་ཁོངས་འཕྲོད་བསྟེན་ཞིབ་བཤེར་གྱི་གཏན་འབེབས་དང་འགལ་ཏེ། ཁོ་རང་རིམས་ནད་འགོས་པའི་དོགས་ཡོད་མི་སྣ་ཡིན་པ་ཤེས་བཞིན་དུ་རྒྱལ་ཁོངས་ནས་འགྲོ་འོང་བྱེད་སྐབས་བདེ་ཐང་གསལ་བསྒྲགས་བྱང་བུའི་ནང་དོན་མི་འབྲི་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་རིམས་ནད་གནས་ཚུལ་སྦ་གསང་བྱས་ཤིང་། རིམས་ནད་མཆེད་ཉེན་གྱི་གནས་ཚུལ་ཚབས་ཆེན་དུ་བཟོས་པས། བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སོ་གཉིས་པའི་གཏན་འབེབས་དང་འགལ་ནས་རྒྱལ་ཁོངས་འཕྲོད་བསྟེན་ཞིབ་བཤེར་ལ་གནོད་འཚེ་བཏང་བའི་ནག་ཉེས་སུ་གྲུབ་པར་ངོས་འཛིན་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།