ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ལྷ་སའི་བུ་མོ་ཞིག་ལ་ཁྱུག་དབྱིངས་ནས་སྒོར་ཁྲི15མགོ་སྐོར་ཐེབས་འདུག

སྤེལ་དུས 2021-11-22 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          མི་མི་ཉུང་བ་ཞིག་གིས་ཁྱུག་དབྱིངས་ནང་གི་བརྡ་ཁྱབ་ལ་མོས་བསྟོད་བྱས་ན། དངུལ་རག་པའི་བརྡ་ཁྱབ་མཐོང་ཡོད་ཤག་རེད། ད་ལྟ“ཁྱུག་དབྱིངས”ཀྱི་APPནས་ཚང་མས་རྟག་ཏུ་བརྙན་ཐུང་ལྟ་གི་ཡོད། དེར་བརྟེན་མགོ་སྐོར་གཏོང་མཁན་གྱིས་ཀྱང་ཁྱུག་དབྱིངས་ལ་བརྟེན་ནས་ཁ་བསླུས་རྒྱག་གི་ཡོད། 

(དྲ་བའི་པར་རིས)
          ཉེ་ཆར་ཞའོ་ལི(མིང་ཚབ)ཡིས་རང་ཁྱིམ་དུ་ཁྱུག་དབྱིངས་ནས་བརྙན་ཐུང་ལྟ་དུས། ཞོར་དུ་ཆ་རྒྱུས་མེད་པའི་མི་ཞིག་དང་གླེང་མོལ་བྱས། སྐད་ཆ་ཤོད་རིང་ཕ་རོལ་པོས་ཁ་པར་ནས་མོས་བསྟོད་དང་བྲིན་ཁ་རྒྱུག་པོ་ཡོད་ཁུལ་བཟོས་ན། ཁེ་བཟང་མང་པོ་རག་གི་ཡོད་པའི་སྐོར་བཤད། དེས་ན་ཞའོ་ལི་འདོད་རྔམ་གྱི་དབང་དུ་སོང་ནས་ཕ་རོལ་པོའི་མགོ་སྐོར་འོག་ཚུད། 

(དྲ་བའི་པར་རིས)
          དེ་རྗེས་ཞའོ་ལི་ཡིས་ཕ་རོལ་པོས་བཤད་པ་ལྟར“དར་རྒྱས་ཚན་རྩལ”ཞེས་པའི་APPཁ་པར་ལ་ཕབ་པས། དེ་མ་ཐག་ཕ་རོལ་པོས་ཞའོ་ལི་བྲིན་རྫུ་བཟོ་མཁན་གྱི་ཚོགས་པར་བཅུག་པ་མ་ཟད། བྲིན་རྫུ་ཐེངས་གཅིག་བཟོས་ན་ལམ་སེང་དངུལ་རག་གི་ཡོད། ད་དུང་ཁོ་ཚོར་བློས་འགེལ་ཆོག་ལ་ཡོང་འབབ་ཀྱང་འཕྲལ་མར་རག་གི་ཡོད་པས། བྲིན་རྫུ་ག་ཚོད་ཀྱིས་མང་བ་བཟོས་ན་ཡོང་འབབ་ཀྱང་དེ་བས་མང་བ་རག་ལུགས་བཤད། 
          ཞའོ་ལི་ཡིས་བསམ་བློ་ཕྲན་ཙམ་བཏང་རྗེས། ཕ་རོལ་པོས་བཤད་པའི་གོ་རིམ་བཞིན་བྲིན་རྫུ་ཐེངས་ཁ་ཤས་བཟོས། དེ་རྗེས་ཕ་རོལ་པོས་ཞའོ་ལི་ལ་རྔན་པ་སྒོར་བཅུ་གྲངས་སྤྲད། 
          ཁེ་བཟང་རག་པའི་ཞའོ་ལི་དགའ་ཐག་ཆོད་དེ། རྔན་པ་དེ་བས་མང་བ་རག་གི་རེད་སྙམ་ཞིང་། དེ་རྗེས་ཕ་རོལ་པོའི་དངུལ་ཁང་གི་རྩིས་ཁྲར་སྔ་རྗེས་སུ་སྒོར་ཁྲི་15ལྷག་ཙམ་བསྒྱུར། དངུལ་བསྒྱུར་ཀྱང་ཕ་རོལ་པོས་ཁས་བླངས་པ་ལྟར་ཁེ་བཟང་གང་ཡང་མ་སྤྲད་སྟབས། རང་ཉིད་མགོ་སྐོར་འོག་ཚུད་པ་གཞི་ནས་ཤེས།
ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན།
          དྲ་རྒྱར་བྲིན་རྫུ་བཟོ་བ་དེ་མགོ་སྐོར་གཏོང་སྟངས་ཤིག་རེད། ཁེ་བཟང་ཆུང་ངུར་རྔམས་ན་གྱོང་གུན་ཆེན་པོ་རག་རྒྱུ་ཉག་གཅིག་རེད། མང་ཚོགས་ཀྱིས་ཁ་བསླུས་རྒྱག་མཁན་ལ་དོགས་ཟོན་བྱེད་པ་དང་དུས་མཚུངས། མི་སྒེར་གྱི་ཆ་འཕྲིན་ཡག་པོ་སྲུང་དགོས། དེ་མིན་ན་མི་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་ནས་ཁྲིམས་འགལ་བར་གོ་སྐབས་རག་སྲིད། 
རྩོམ་སྒྲིག་པ། བདེ་སྒྲོན།