སི་ཁྲོན་སྡེ་དགེ་རུ་རི་སྐྱེས་སྲོག་ཆགས་བསད་པའི་གྱོད་གཞི་རྩད་ཆོད་པ།
སྤེལ་དུས 2021-11-24
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཟླ11པའི་ཚེས22ཉིན། སི་ཁྲོན་སྡེ་དགེ་རྫོང་སྤྱི་བདེ་ཅུས་ཀྱིས་རྫོང་དེའི་རྫོགས་ཆེན་གྲོང་རྡལ་ཁོངས་ཀྱི་སྟོངས་ཉེར་ཡོད་པའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། གྱོད་འབྲེལ་དོགས་ཡོད་ཉེས་ཅན་མི5སྔ་རྗེས་སུ་འཛིན་བཟུང་བྱེད་པའི་སྐོར་བརྡ་ཁྱབ་བཏང་བ་རེད། མིག་སྔར་གྱོད་གཞི་དེ་ད་དུང་མུ་མཐུད་དུ་རྩད་ཞིབ་བྱེད་བཞིན་ཡོད།
2021ལོའི་ཟླ9པ་ནས་བཟུང་། སྡེ་དགེ་རྫོང་རྫོགས་ཆེན་གྲོང་རྡལ་ཞེ་ཆེན་གྲོང་ཚོའི་མང་ཚོགས་ཀྱིས་གྲོང་ཚོའི་ཉེ་འགྲམ་གྱི་དཀྱུལ་ལུང་རི་བོར་རི་སྐྱེས་སྲོག་ཆགས་ཀྱི་རོ་དང་ལྕགས་སྐུད་ཀྱི་རྙི་མང་པོ་ཡོད་པ་མཐོང་བ་མ་ཟད། ད་དུང་ལྐོག་ཏུ་རྔོན་བྱེད་མཁན་གྱི་འཚོ་བའི་ཡོ་བྱད་སོགས་ཀྱང་ཡོད་པ་མཐོང་བས། མང་ཚོགས་ཀྱིས་འཕྲལ་དུ་ཉེན་རྟོག་ཕྱོགས་ལ་བརྡ་བཏང་བ་རེད། ཉེན་རྟོག་ཕྱོགས་ཀྱིས་འཕྲལ་དུ་ནགས་ཚལ་ཉེན་རྟོག་པ་དང་། ཉེས་དོན་ཉེན་རྟོག་པ། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་བཅས་སྐོང་འཐེན་བྱས་ཏེ་ཆེད་དོན་ཚོ་ཆུང་བཙུགས་ནས་གྱོད་གཞི་མྱུལ་ཞིབ་ལས་དོན་སྤེལ་བ་རེད། མི་དམངས་ཉེན་རྟོག་པ་ཚོ་སྔ་རྗེས་སུ་རི་མགོར་ཐེངས་ལྔ་སོང་ནས་དཔང་རྟགས་འཚོལ་བསྡུ་བྱས་པ་དང་། ཞེ་ཆེན་གྲོང་ཚོའི་དཀྱུལ་ལུང་ནགས་རི་ནས་གླ་བ་དང་འདྲ་བའི་སྲོག་ཆགས་ཀྱི་རོ17དང་། ལྕགས་སྐུད་ཀྱི་རྙི1000ལྷག་ཙམ། དོགས་ཡོད་ཉེས་ཅན་གྱིས་བསྐྱུར་པའི་འཐུང་ཆུའི་ཤེལ་དམ་དང་ཨ་རག་གི་ཤེལ་དམ་སོགས་འཚོ་བའི་ཡོ་བྱད་ཀྱང་རྙེད་པ་རེད། ཡུལ་དངོས་ནས་དཔང་རྟགས་འཚོལ་བ་དང་བཅར་འདྲི་བྱས་པ་བརྒྱུད་དེ་ཆེད་དོན་གྱོད་གཞིའི་ཚོ་ཆུང་གིས་ཀྲེ་ཆེ་གེ་མོ་སོགས་དོགས་ཡོད་ཉེས་ཅན་མི5ཐོག་མའི་གཏན་འཁེལ་བྱུང་བ་རེད། ཟླ11པའི་ཚེས16ཉིན། ཀྲེ་ཆེ་གེ་མོ་སོགས་མི3ལྐོག་ཏུ་སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་དུ་སོང་ནས་མགྲོན་ཁང་ཞིག་ཏུ་བསྡད། གཞན་ཡང་དོགས་ཡོད་ཉེས་ཅན་ཀ་ཆེ་གེ་མོ་རྟའུ་རྫོང་དུ་གཞའ་ནས་བསྡད། གནས་ཚུལ་དེར་དམིགས་ཏེ་སྡེ་དགེ་ཉེན་རྟོག་ཕྱོགས་དང་རྟའུ་ཉེན་རྟོག་ཕྱོགས་ཀྱིས་མཉམ་འབྲེལ་སྒོས་དོགས་ཡོད་ཉེས་ཅན་མི4འཛིན་བཟུང་བྱས། དེ་རྗེས་ཉེན་རྟོག་ཕྱོགས་ཀྱིས་སླར་ཡང་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་ཁྲིམས་འགལ་ངང་ཉོ་མཁན་ཏིང་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད།
དོགས་ཡོད་ཉེས་ཅན་གྱིས་བརྗོད་དོན། 2021ལོའི་ཟླ9པ་ནས་ཟླ10པའི་བར། སྔ་རྗེས་སུ་སྡེ་དགེ་རྫོང་རྫོགས་ཆེན་གྲོང་རྡལ་ཞེ་ཆེན་གྲོང་ཚོའི་དཀྱུལ་ལུང་རི་ལ་ཐེངས10ལྷག་ཙམ་སོང་ནས་ལྕགས་སྐུད་ཀྱི་རྙི1000ལྷག་ཙམ་བཞག་ནས་རི་སྐྱེས་སྲོག་ཆགས་བསད། དེའི་རིང་དུ་གླ་རྩི6བཙོངས་པ་དང་། ཁྲིམས་འགལ་ངང་བླངས་པའི་མི་དམངས་ཤོག་སྒོར་ཁྲི5ལྷག་ཙམ་ཐོབ་ཅེས་བཤད།
རྩོམ་སྒྲིག་པ། བདེ་སྒྲོན།