ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

དོན་རྐྱེན་བྱུང་བས་སློབ་གཙོ་ངུས་སོང་།

སྤེལ་དུས 2021-11-29 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

          སྨྱན་སྦྱོར་ཞིག་གིས་གནས་འཕྲིན་སྤེལ་དོན། ཟླ་11ཚེས་23ཉིན། ཧོ་ནན་ཞིན་ཞང་ཧྥེང་ཆིའུ་རྫོང་ཀྲའོ་ཀང་གྲོང་རྡལ་ཆི་ཁྲེང་སློབ་འབྲིང་གི་སློབ་མ་30ལྷག་གིས་ཉིན་གུང་གི་འཚོ་བཅུད་ཟ་མ་ཟོས་རྗེས། སྐྱུག་པ་དང་གྲོད་པ་བཤལ་བའི་སྣང་ཚུལ་ཐོན་ཡོད། སློབ་མ་ཚོས་བཤད་རྒྱུར། ཉིན་དེའི་ཟ་མའི“ཏའོ་ཧྥུ་ཅུང་རུལ་ཡོད་པ་དང་། ཚལ་ཐུག་ལ་དྲི་མ་ཁ། ”
          བཅར་འདྲི་བྱེད་སྐབས། ཆི་ཁྲེང་སློབ་འབྲིང་གི་སློབ་གཙོ་ཝང་ལགས་ཀྱིས་དབུགས་རིང་ཞིག་བཏོན་རྗེས་མིག་ཆུ་ཤོར། ཉིན་ཤས་གོང་། ས་གནས་དེ་གའི་སློབ་གསོ་ཅུས་ཀྱིས་སུས་འཇོན་དེ་འགུག་བྱས་རྗེས། ཟ་མ་སྐྱེལ་མཁན་ཀུང་སི་གཞི་ནས་ད་ལྟའི་ཀུང་སི་འདི་རུ་གྱུར་བ་རེད། ཟླ་11ཚེས་15ཉིན། ཟ་མ་སྐྱེལ་མཁན་ཀུང་སི་དེས་ཆི་ཁྲེང་སློབ་འབྲིང་ལ་གུང་ཟས་སྡེབ་སྐྱེལ་བྱེད་འགོ་བཙུགས་པ་དང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཚེས་23ཉིན་སློབ་མ་རྣམས་སྐྱུག་པ་དང་གྲོད་པ་བཤལ་བའི་གནས་ཚུལ་ཐོན་པ་རེད། “ངའི་སློབ་མ་ཚང་མ་སྨན་ཁང་དུ་བསྡད་ཡོད། ང་སློབ་གཙོ་ཡག་པོ་ཞིག་མ་རེད”ཅེས་བཤད། 
          ཚེས་25ཉིན། ཧོ་ནན་ཧྥེང་ཆིའུ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་བརྡ་ཁྱབ་བཏང་ནས་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་བཙུགས་ཏེ་བརྟག་དཔྱད་བྱས་པ་རེད།
          ཧོ་ནན་ཧྥེང་ཆིའུ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་གནས་ཚུལ་གསར་ཤོས་ལ་གཞིགས་ན། ཟླ་11ཚེས་27ཉིན་གྱི་ཐོ་རེངས་སུ། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། སྤྱི་བདེ་ཅུས། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། སློབ་གསོ་ལུས་རྩལ་ཅུས། ཚོང་རའི་ལྟ་སྐུལ་དོ་དམ་ཅུས་སོགས་སྡེ་ཁག་མང་པོ་ལས་གྲུབ་པའི་མཉམ་འབྲེལ་བརྟག་དཔྱད་ཚོ་ཆུང་གིས། ནད་པའི་ནད་ཐོག་མངོན་ཚུལ་དང་། མཆེད་ནད་རིག་པའི་བརྟག་དཔྱད། ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་བཅས་ཀྱི་འབྲས་བུ་ཕྱོགས་བསྡུས་བྱས་ནས། ཀྲའོ་ཀང་གྲོང་རྡལ་ཆི་ཁྲེང་སློབ་འབྲིང་གི་སློབ་མ་ཁག་གཅིག་ལ་ཟ་མ་ཟོས་རྗེས་སྐྱུག་པ་དང་གྲོད་པ་བཤལ་བའི་གནས་ཚུལ་ཐོན་པ་ནི་ཟས་ཀྱི་རྐྱེན་ལས་བྱུང་བའི་ནད་གཞི་ཡིན་པར་ཐག་བཅད་པ་རེད། འབྲེལ་ཡོད་སྡེ་ཁག་གིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡོད་པའི་ལས་དོན་མི་སྣར་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། 
          འབྲེལ་ཡོད་ཐག་གཅོད་བྱས་ཚུལ་གཤམ་གསལ། 
          གཅིག  ཟླ་11ཚེས་23ཉིན་དོན་རྐྱེན་ཐོན་རྗེས། རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཉན་སི་ཡིས་དུས་ཐོག་ཏུ་སྙན་སེང་ཞུས་མེད་པ་མ་ཟད། ལྟ་སྐུལ་དོ་དམ་འགན་ཡག་པོ་འཁུར་མེད་པས་ལས་འགན་མཚམས་འཇོག་པ་དང་། གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱ་རྒྱུ།
          གཉིས། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡོད་པའི་རྫོང་སློབ་གསོ་ལུས་རྩལ་ཅུས་ཟས་རིགས་དོ་དམ་གཞུང་དོན་ཁང་གི་འགན་འཁུར་བ་ལུའི་ཡུང་ལ་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱ་རྒྱུ། 
          གསུམ། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡོད་པའི་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡན་ཝུན་ཧྥེང་དང་བཟའ་བཅའ་གཉེར་སྐྱོང་བདེ་འཇགས་ལྟ་སྐུལ་དོ་དམ་ཀུའུ་ཡི་འགན་འཁུར་བ་ཝང་པའོ་ཧྲུའེ་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱ་རྒྱུ།
          བཞི། ཉོ་སྒྲུབ་རྣམ་གྲངས་འོས་སྐུལ་འོས་དཔོད་བྱེད་པའི་བརྒྱུད་རིམ་དང་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་གཉེར་སྐྱོང་བྱ་སྤྱོད་ལ་བརྟག་དཔྱད་གཏིང་ཟབ་བྱ་རྒྱུ། གལ་ཏེ་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ། སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ། 
          གསར་འགོད་པས་ཚེས་26ཉིན་གྱི་མཚན་མོར། ཧྥེང་ཆིའུ་རྫོང་སློབ་གསོ་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། སློབ་མ་3ཧྥེང་ཆིའུ་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་ཀྱི་ཡོད་པ་ཕུད། དེ་བྱིངས་དགེ་སློབ་ཀྱི་གཟུགས་པོའི་གནས་ཚུལ་རྒྱུན་ལྡན་ཡོང་ཡོད་པ་རེད། ཡུལ་དངོས་བཅར་འདྲིར་སྐྱོད་དུས། ཆི་ཁྲེང་སློབ་འབྲིང་གི་སློབ་ཁྲིད་སྒྲིག་ལམ་སླར་གསོ་བྱུང་བ་རྟོགས་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།