ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ལོ་བཅུ་དགུའི་གོང་གི་མི་བསད་བྲོས་བྱོལ་གྱི་ལག་དམར་བ་ཞིག་བཟུང་བ།

སྤེལ་དུས 2021-12-13 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
           ཉེ་ཆར། སྣང་རྫོང་གི་ཉེན་རྟོག་པས་ལོ་19ཡི་གོང་གི་མི་བསད་གྱོད་གཞི་རྙིང་པ་ཞིག་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་ཚེ་ཆེ་གེ་མོ་ཁྲིམས་རྒྱར་ཚུད་པ་དང་བསྟུན་ནས། ལོ་19ཡི་གོང་གྲི་ཁྱེར་ནས་མི་བསད་པའི་གྱོད་གཞི་དེ་རྩད་ཆོད་མཐའ་གསལ་བྱུང་བ་རེད།

           དེ་ཡང་2002ལོའི་ཟླ་དང་པོའི་ཚེས་6ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དཔལ་ཡུལ་རྫོང་གི་བོགས་གཏོང་ཁང་པ་ཞིག་ཏུ་གྲི་བཙུགས་ཏེ་མི་བསད་པའི་གྱོད་གཞི་ཞིག་ཐོན་པ་དང་། གྱོད་གཞི་ཐོན་རྗེས་ཉེས་གསོག་དོགས་ཅན་ཚེ་ཆེ་གེ་མོ་བྲོས་བྱོལ་དུ་ཕྱིན་པ་རེད། སྐབས་དེ་དུས་ལས་ཀའི་ཆ་རྐྱེན་དང་མྱུལ་ཞིབ་བྱ་ཐབས་སོགས་ཀྱི་ཚོད་འཛིན་ཕོག་པས། ལག་དམར་བ་རྒྱ་ཡན་དུ་སོང་བ་རེད།
           2020ལོའི་ཟླ་5པའི་ཟླ་མཇུག་ཏུ། སྣང་རྫོང་སྤྱི་བདེ་ཅུས་ཀྱིས་གྲོང་མདའ་གྲོང་རྡལ་དུ་སྨར་ཁམས་ནས་ཡིན་པའི་མང་ཚོགས་བཀྲ་ཤིས་ཆེ་གེ་མོ་ཟེར་བ་ཞིག་གིས་ཐོབ་ཐང་རྫུན་མ་བཟོས་ཡོད་ལ་ནག་ཉེས་བསགས་མྱོང་བ་ཤེས་རྟོགས་བྱུང་། ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་དུ་ཉེན་རྟོག་པ་ཧྲག་འདེམས་ཀྱིས་ནུས་ཤུགས་ཡོད་རྒུས་བཀྲ་ཤིས་ཆེ་གེ་མོའི་ཐོབ་ཐང་ལ་ཞིབ་དཔྱད་བྱས་ནའང་གོ་ཆོད་པའི་ཁུངས་སྣེ་གང་ཡང་མ་རྙེད།
           2020ལོའི་ཟླ་8པར། སྣང་རྫོང་སྤྱི་བདེ་ཅུས་ཀྱི“2001.6.22མི་བསད་གྱོད་གཞིའི”ཆེད་དམིགས་གྱོད་དོན་ཚོགས་ཆུང་སི་ཁྲོན་སྡེ་དགེ་རྫོང་དུ་གྱོད་གཞི་སྒྲུབ་པར་སྐྱོད་རིང་། སྡེ་དགེའི་ཉེན་རྟོག་ཕྱོགས་དང་གླེང་མོལ་བྱེད་སྐབས། དཔལ་ཡུལ་གྱི་ཉེན་རྟོག་པས་གྱོད་ཐག་གཅོད་རྒྱུར་ལུས་པའི་གྱོད་གཞི་ཞིག་སྒྲུབ་སྒང་ཡིན་པ་དང་། ཉེས་གསོག་དོགས་ཅན་བོད་ལྗོངས་སུ་བྲོས་བྱོལ་དུ་སོང་བའི་དོགས་པ་ཡོད་པ་ཤེས་རྟོགས་བྱུང་། ཆེད་དམིགས་གྱོད་དོན་ཚོགས་ཆུང་སྣང་རྫོང་དུ་ལོག་རྗེས། དཔལ་ཡུལ་རྫོང་སྤྱི་བདེ་ཅུས་ཀྱི“2002.1.6”གྱོད་ཐག་གཅོད་རྒྱུར་ལུས་པའི་མི་བསད་གྱོད་གཞིའི་ཉེས་གསོག་བྲོས་བྱོལ་མི་སྣ་ཚེ་ཆེ་གེ་མོའི་འདྲ་པར་འབྱོར་བ་དང་། གྱོད་སྒྲུབ་མི་སྣས་ཞིབ་བསྡུར་ཡང་ཡང་བྱས་པ་བརྒྱུད། འདྲ་པར་ནང་གི་ཚེ་ཆེ་གེ་མོ་དང་གྲོང་མདའ་གྲོང་རྡལ་གྱི་བཀྲ་ཤིས་ཆེ་གེ་མོ་ཧ་ཅང་འདྲ་པོ་ཡོད་པ་ཤེས། དེ་རྗེས་སྣང་རྫོང་སྤྱི་བདེ་ཅུས་ཀྱིས་སླར་ཡང་བཀྲ་ཤིས་ཆེ་གེ་མོའི་ཐོབ་ཐང་ལ་ཞིབ་དཔྱད་བྱེད་འགོ་བརྩམས་པ་དང་མཐར་རྙོག་རྫོབ་ཆེ་བའི་གྲངས་གཞིའི་ཁྲོད་ནས་ཁུངས་སྣེ་རྙེད། གྲངས་གཞིར་དབྱེ་ཞིབ་དང་བསྡུར་དཔྱད་སོགས་བྱས་པ་བརྒྱུད། བཀྲ་ཤིས་ཆེ་གེ་མོ་ནི་ཕལ་ཆེར“2002.1.6”གི་མི་བསད་གྱོད་གཞིའི་ཉེས་གསོག་བྲོས་བྱོལ་མི་སྣ་ཚེ་ཆེ་གེ་མོ་ཡིན་པ་གཏན་འཁེལ་བྱུང་།
           2021ལོའི་ཟླ་11ཚེས་13ཉིན། སི་ཁྲོན་དཔལ་ཡུལ་རྫོང་གི་ཉེན་རྟོག་པ་སྣང་རྫོང་དུ་འབྱོར་བ་དང་། སྣང་རྫོང་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པའི་རོགས་རམ་འོག་འཛིན་བཟུང་ལས་དོན་སྤེལ། དེ་ཉིན་ཉིན་དགུང་། ཕྱོགས་གཉིས་པོའི་མི་དམངས་ཉེན་རྟོག་པས་འཆར་གཞི་ལྟར་བྱ་སྤྱོད་སྤེལ་ནས་ཆུ་ཚོད་འགའ་ཤས་སྒུག་བརྒྱབ་པ་བརྒྱུད། ལོ་19ཡི་གོང་བྲོས་བྱོལ་དུ་ཕྱིན་པའི་ཉེས་གསོག་དོགས་ཅན་ཚེ་ཆེ་གེ་མོ་འཛིན་ཐུབ་པ་རེད།
           འདྲི་ཞིབ་བྱས་པ་བརྒྱུད། ཚེ་ཆེ་གེ་མོས་2002ལོར་གྲི་ཁྱེར་ནས་མི་བསད་རྗེས་ཐོབ་ཐང་ཆ་འཕྲིན་རྫུན་མ་བཟོས་ནས་བྲོས་བྱོལ་དུ་ཕྱིན་པའི་ནག་ཉེས་སྦ་གསང་མེད་པར་ཁས་ལེན་བྱས། མཐར་ཚེ་ཆེ་གེ་མོ་སི་ཁྲོན་དཔལ་ཡུལ་རྫོང་སྤྱི་བདེ་ཅུས་ལ་རྩིས་སྤྲད་ནས་ལོ་19ཡི་གོང་གི་གྱོད་ཐག་གཅོད་རྒྱུར་ལུས་པའི་མི་བསད་གྱོད་གཞི་དེ་རྩད་ཆོད་མཐའ་གསལ་བྱུང་བ་རེད།