གང་སར་དམངས་སྒོར་བཤགས་རོ་ཡིས་ཁེངས་པ་དང་།
བུད་མེད་ཅིག་འུ་ཐུག་ནས་ངུ་བཞིན་འདུག
སྣང་ཚུལ་དེ་ཀུའེ་ཀྲོའུ་ཙུན་དབྱི་ཡི།
ཧྥེང་ཀང་རྫོང་ཡུང་ཧོ་གྲོང་རྡལ་ཧྲོང་ཧྲན་གྲོང་ཚོ་ནས་བྱུང་ཞིང་།
སྒོར་མོ་བཤགས་མཁན་ནི་ཁོང་ཚོའི་ལོ་བདུན་ཅན་གྱི་བུ་ཆུང་ཡིན་པ་རེད།
གནས་ཚུལ་དེ་གང་འདྲ་ཞིག་རེད་དམ་ཞེ་ན།
ལོ་བདུན་ཅན་གྱི་བྱིས་པ་ཞིག་གིས་སྒོར6000ལྷག་ཙམ་བཤགས་ནས་དུམ་བུར་བཏང་བས།
གྲོང་ཚོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱིས་བྲེལ་མྱུར་ངང་དངུལ་ཁང་ལ་འབྲེལ་བ་བྱས་ཏེ་རོགས་སྐྱོར་གནང་རོགས་ཞུས།
ཧྲོང་ཧྲན་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་ཨན་ཡིའུ་ཡིས་མཚམས་སྦྱོར་བྱས་པར་གཞིགས་ན།
ཁྱིམ་འདིའི་བདག་པོར་ནད་བྱུང་བས།
བ་གླང་གསོ་བའི་ངལ་རྩོལ་ནུས་ཤུགས་མེད་པར་གྱུར་ཞིང་།
ཉིན་འགའི་སྔོན་ལ་བ་གླང་དེ་གཉིས་སྒོར་ཁྲི1ལྷག་བྱས་ནས་བཙོངས་པ་རེད།
དངུལ་སྨར་དག་ཆ་གཉིས་སུ་བགོས་ཏེ།
སོ་སོར་ཁྱིམ་གྱི་སྒམ་མི་འདྲ་བའི་ནང་དུ་བཞག་ཡོད།
ཉེ་ཆར་རིག་སྟོབས་འགལ་ནད་བྱུང་བའི་ལོ་བདུན་ཅན་གྱི་བྱིས་པས།
རང་ཁྱིམ་དུ་རྩེད་ཆས་བཙལ་ནས་མ་རྙེད་པས།
སྒོར6000ལྷག་ཙམ་ཡོད་པ་དེ་རྩེད་ཆས་བྱས་ཏེ་བཤགས་ནས་དུམ་བུར་བཏང་།
ཨ་མ་ཕྱིར་ཡོང་ནས་གང་སར་དངུལ་སྒོར་བཤགས་རོ་ཡིས་ཁེངས་འདུག་པ་མཐོང་བས།
ཁང་པའི་ནང་ནས་འུ་ཐུག་ཏེ་ངུས་བྱུང་།
ཨན་ཡིའུ་ཡིས་གནས་ཚུལ་དེ་ཤེས་རྗེས་བྲེལ་མྱུར་ངང་ཡུལ་དེའི་དངུལ་ཁང་ལ་འབྲེལ་བ་བྱས་ཤིང་།
དངུལ་ཁང་གི་འགན་འཁུར་བ་ཝང་ཧྲུན་གྱིས་འཕྲལ་དུ།
“ཁྱེད་རང་བྲེལ་བ་མ་ལངས།
སྔོན་ལ་དངུལ་སྒོར་བཤགས་རོ་རྣམས་ཡག་པོ་སྒྲུག་ནས་ཁུག་མའི་ནང་དུ་བླུགས་ཤིག
ཉིན་གཉིས་པར་ངས་ལས་དོན་མི་སྣ་བཀོད་སྒྲིག་བྱས་ནས་ཐག་གཅོད་བྱ་རྒྱུ་ཡིན”ཞེས་བཤད།
ཨན་ཡིའུ་ཡིས་འཕྲལ་མར་དབུལ་སྐྱོར་ལས་བྱེད་པ་འགའ་ལ།
གང་སར་ཡོད་པའི་དངུལ་སྒོར་བཤགས་རོ་ཚང་མ་ཁུག་མའི་ནང་དུ་བསྡུ་གསོག་བྱེད་དུ་བཅུག་པ་དང་།
ཉིན་གཉིས་པར་དངུལ་ཁང་དུ་ཁྱེར་བ་རེད།
དངུལ་སྒོར་བཤགས་རོ300ལྷག་ཙམ།
ལས་བྱེད་མི་སྣས་ཉིན་གཉིས་ཀྱི་དུས་ཚོད་སྤྱད་དེ་གཞི་ནས་སྒྲིག་ཚར་བ་རེད།
དངུལ་ཁང་གི་ལས་དོན་མི་སྣས་དངུལ་སྒོར་བཤགས་རོ་བླངས་རྗེས།
དེ་མ་ཐག་ཏུ“རིས་བསྒྲིག”གི་འགོ་བརྩམས།
ཝང་ཧྲུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། དངུལ་སྒོར་བཤགས་རོ་གཅིག་ལ་ཆེས་མང་ན་ཡང་དུམ་བུ་བརྒྱད་རེ་བཏང་ཡོད།
དངུལ་སྒོར་བརྒྱ་ཅན་ཆ་ཚང་ཞིག་སྒྲིག་འདོད་ཚེ།
དངུལ་སྒོར་བཤགས་རོ300ལྷག་གི་ཁྲོད་ནས།
རྣམ་པ་འདྲ་མཚུངས་ཡིན་པའི་བཤགས་རོ་རེ་རེ་བཞིན་ལྟོས་བཅས་ཀྱིས་འདེམས་དགོས་ཟེར།
ཚོང་སྒྲོམ་ལས་སྒོ་གཉེར་བར་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག
ལས་དོན་མི་སྣས་ཉིན་གཉིས་ཀྱི་དུས་ཚོད་བེད་སྤྱད་དེ།
མི་དམངས་ཤོག་སྒོར6000ལྷག་ཙམ་སྒྲིག་སྦྱོར་ལེགས་གྲུབ་བྱུང་།
མཇུག་མཐར་དངུལ་སྒོར་ཆ་ཚང་སྒོར་མོ་གསར་བར་བརྗེས་ནས་སྐུ་མགྲོན་ལ་སྤྲད་པ་རེད།
ཝང་ཧྲུན་གྱིས་ཆད་སྐྱོན་ཤོར་བའི་སྒོར་མོ་བརྗེ་བ་ནི་དངུལ་ཁང་གི་བྱ་བའི་འགན་འཁྲི་ཞིག་ཡིན་ཀྱང་།
རྟག་ཏུ་སྐུ་མགྲོན་གྱིས་སྒྲིག་སྦྱོར་ཡག་པོ་བྱས་རྗེས་དངུལ་ཁང་དུ་ཁྱེར་ཡོང་ནས་བརྗེ་བ་ཡིན།
ཁྱིམ་ཚང་འདིའི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ཏེ།
ང་ཚོས་ཁོང་ཚོར་རོགས་རམ་བྱེད་པའི་འོས་འགན་ཡོད།
ཐ་ན་ལས་དུས་འཕར་སྣོན་བྱས་ནས་དུས་ཚོད་མང་ཙམ་བཀོལ་དགོས་ཀྱང་།
ང་ཚོའི་སེམས་སུ་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་འདུག་ཅེས་བཤད།
དྲ་གྲོགས་ཚོས་ཁྱེད་རྣམ་པས་ལྷག་བསམ་རྣམ་དག་གི་གཞན་ཕན་བསམ་བློ་བཅངས་པར་ཐུགས་རྗེ་ཆེ་ཞུ་ཞེས་བཤད།
རྩོམ་སྒྲིག་པ། བདེ་སྒྲོན།