ལྷ་རྩེ་རྫོང་དུ་མེ་མདའ་སྒེར་ཉར་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་པ།
སྤེལ་དུས 2021-12-24
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཉེ་ཆར། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཁྲིམས་འགལ་ངང་མེ་མདའ་དང་རྫས་མདེལ་སྒེར་དུ་ཉར་བའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། དོགས་ཡོད་ཉེས་ཅན་མི2འཛིན་བཟུང་བྱས་ཏེ། བོད་བཟོའི་མེ་མདའ1དང་དེ་བཞིན་མེ་མདའ་བཟོ་བའི་རྫས་སྨན་དང་བཟོ་ཆས་སོགས་གཞུང་བཞེས་བཏང་འདུག
2021ལོའི་ཟླ12པའི་ཚེས19ཉིན། ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་སྟོངས་ལ་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་ལ་གནོད་འཚེ་གཏོང་བའི་གྱོད་གཞི་ཞིག་རྩད་ཞིབ་བྱེད་སྐབས། མེ་མདའ་དང་འབྲེལ་བའི་གྱོད་གཞིའི་ཁུངས་སྣེ་ཞིག་རག་པ་དང་། མུ་མཐུད་རྩད་ཞིབ་བྱས་པ་བརྒྱུད་ལྷ་རྩེ་རྫོང་ཕུན་ཚོགས་གླིང་ཞང་རྒྱན་འབྱོར་གྲོང་ཚོའི་གྲོང་མི་བསོད་ཆེ་གེ་མོས་ཁྲིམས་འགལ་ངང་མེ་མདའ་འཛིན་པ་དང་སྒེར་དུ་ཉར་བ་རྩད་ཆོད་བྱུང་བ་རེད།
དོགས་ཡོད་ཉེས་ཅན་བསོད་ཆེ་གེ་མོས་ཁྲིམས་འགལ་ངང་སྒེར་ལ་ཉར་བའི་མེ་མདའ།
མི་དམངས་ཉེན་རྟོག་པས་འཕྲལ་མར་བསོད་ཆེ་གེ་མོ་ལ་བརྟག་དཔྱད་བྱས་ནས་ཁོ་ཕུན་ཚོགས་གླིང་ཞང་མངགས་གཏོང་ཁང་དུ་སྤྲད་པ་རེད། འདྲི་རྩད་བྱས་པ་བརྒྱུད་དོགས་ཡོད་ཉེས་ཅན་བསོད་ཆེ་གེ་མོས་རང་གིས་ཁྲིམས་འགལ་གྱིས་མེ་མདའ་འཛིན་པ་དང་སྒེར་ལ་ཉར་བའི་ཉེས་པ་སྦ་གསང་མེད་པར་ངོས་ལེན་བྱས་པ་རེད། བསོད་ཆེ་གེ་མོས་བཤད་རྒྱུར། 2015ལོར་ཁོང་གིས་གྲོང་ཚོ་དེའི་གྲོང་མི་ཕུན་ཆེ་གེ་མོའི་ཁྱིམ་དུ་སྒོ་ཕྱུགས་བཤའ་སྐབས་ཕུན་ཆེ་གེ་མོའི་སྒོ་རའི་ནང་དུ་མེ་མདའ་ཆག་རོ་ཞིག་བཞག་ཡོད་པ་མཐོང་། ཤེས་རྟོག་བྱུང་བ་ཡིན་ན་དོགས་ཡོད་ཉེས་ཅན་གྱིས་ཕུན་ཆེ་གེ་མོའི་ལག་ནས་གཡར་བ་རེད། དེ་ནས་ཁོས་དགའ་ཕྱོགས་ལྟར་མེ་མདའ་ཆག་རོག་དེ་བཅོས་སྒྲིག་བྱས་ནས་རང་ཁྱིམ་དུ་སྦས་སྐུང་བྱས། སྤྱི་བདེ་ལས་ཁུངས་ཀྱིས་སྔ་རྗེས་སུ་མེ་མདའ་དང་འབར་གས་བཅོས་སྐྱོང་གི་ལས་དོན་སྤེལ་སྐབས་བསོད་ཆེ་གེ་མོས་མེ་མདའ་གོང་རིམ་ལ་སྤྲད་མེད་ཅེས་བསྟན།
མིག་སྔར་དོགས་ཡོད་ཉེས་ཅན་བསོད་ཆེ་གེ་མོ་དང་ཕུན་ཆེ་གེ་མོ་གཉིས་ཁྲིམས་འགལ་ངང་མེ་མདའ་དང་རྫས་མདེལ་སྒེར་དུ་ཉར་བའི་རྐྱེན་གྱིས་ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད་པ་རེད། གྱོད་དོན་ད་དུང་མུ་མཐུད་ཞིབ་བཤེར་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།