སྤྱི་ཟླ་12ཚེས་22ཉིན་གྱི་སྔ་དྲོ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་ལི་ཞིན་ཡོན་གྱི་གྱོད་གཞིའི་འདྲི་ཞིབ་དང་པོའི་ཁྲིམས་ར་ནན་ཉིང་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་འཚོགས་ཤིང་། ལྐོག་རྔན་སྒོར་དུང་ཕྱུར་1.7ལྷག་བླངས་པའི་ཉེས་དོན་ཞུ་གཏུག་བྱས་པ་རེད།
ལི་ཞིན་ཡོན་ནི་1962ལོའི་ཟླ་10པར་ཅང་སུའུ་ཐའེ་ཞིན་དུ་སྐྱེས་ཤིང་། ཆིན་ཀྲོའུ་གྲོང་ཁྱེར་གྱི་འགོ་འཛིན་དང་། ཀུའེ་ཀང་གྲོང་ཁྱེར་གྱི་འགོ་འཛིན། ཀུའེ་ཀང་གྲོང་ཁྱེར་གྱི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སོགས་ཀྱི་འགན་ཁུར་མྱོང་། 2021ལོའི་ཟླ་2པར་རང་སྐྱོང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཐིང་གི་ཏང་ཙུའུ་ཧྲུའུ་ཅིའི་འགན་ཁུར། འོན་ཀྱང་ཟླ་གཅིག་གི་རྗེས་སུ་ལི་ཞིན་ཡོན་ལ་ཞིབ་བཤེར་བྱེད་བཞིན་ཡོད་པ་ཡོངས་བསྒྲགས་བྱས།
ལི་ཞིན་ཡོན་ལ་འདྲི་གཅོད་བྱེད་བཞིན་པ།
སྤྱི་ཟླ་11པར། ལི་ཞིན་ཡོན་ཏང་གི་སྐྱིད་སྡུག་དང་ལས་གནས་ནས་ཕྱིར་ཕུད་བྱས་པ་རེད། བརྡ་ཁྱབ་དུ་མི་འདིས་དཔོན་ཚོང་ངན་འབྲེལ་གྱིས་རྒྱུ་ནོར་ཧམ་ཟ་བྱས་པ་དང་། དབང་ཆ་དང་རྒྱུ་ནོར་ལ་བརྟེན་ནས་ཆགས་སྲེད་ཉོ་ཚོང་བྱས་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་དང་ཐ་ན་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ཀྱང་ཡོ་བསྲང་རང་གཅུན་བྱས་མེད་ཅེས་བརྗོད་ཡོད།
ནན་ཉིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན། 2003ལོ་ནས་2021ལོའི་བར་ལི་ཞིན་ཡོན་གྱིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་ཀོང་ཞིའི་ཀུང་སི་ག་གེ་མོ་དང་སྒེར་གཉེར་ཁེ་ལས་ཀྱི་བདག་པོ་དབྱང་ཆེ་གེ་མོ་སོགས་ཚན་པ་དང་མི་སྒེར་བཅོ་བརྒྱད་ལ་རྣམ་གྲངས་འགན་གཙང་ལེན་དང་། ས་ཞིང་གསར་སྤེལ། ལས་ཀ་སྒྱུར་བ་སོགས་ཀྱི་ཐད་རོགས་རམ་བྱས་ཤིང་། དངོས་བརྒྱུད་གཉིས་ནས་ཁྲིམས་འགལ་གྱི་མི་དམངས་ཤོག་སྒོར་ཁྲི་1723.475062བླངས་པ་རེད།
ལི་ཞིན་ཡོན་ལ་འདྲི་གཅོད་བྱེད་བཞིན་པ།
གཞུང་གཏུག་ལས་ཁུངས་ཀྱིས། མི་དེས་རྒྱུ་ནོར་ཧམ་ལེན་བྱས་པའི་གྲངས་འབོར་ཧ་ཅང་ཆེ་བས་ལྐོག་རྔན་བླངས་པའི་ཉེས་མིང་ཐོག་ཉེས་འགན་བདའ་འདེད་བྱེད་འོས་པར་འདོད་ཀྱི་ཡོད། མ་ཟད་ལི་ཞིན་ཡོན་གྱི་མི་གཞན་གྱི་རྒྱུ་དངོས་བླངས་པའི་བསྡོམས་འབོར་ཤོག་སྒོར་ཁྲི་3300ལ་སླེབས་ཡོད་པས་ཉེས་ཆད་ལྕི་མོ་གཅོད་འོས་པ་ཞིག་ཡིན།
ལི་ཞིན་ཡོན་གྱིས་གྱོད་དོན་ཞིབ་གཅོད་ལས་ཁུངས་ཀྱིས་རྒྱུས་ལོན་བྱུང་བ་དང་བྱུང་མེད་པའི་ཁྲིམས་འགལ་ཉེས་གསོག་དོན་དངོས་རང་འགུལ་ངང་ངོས་ལེན་ཞུས་པ་མ་ཟད། ཁྲིམས་འགལ་དངུལ་ཁག་ཅིག་ཕྱིར་སློག་བྱས་ཤིང་། རང་ཉེས་ངོས་ལེན་གྱི་རྣམ་འགྱུར་ཅུང་ཡག་པོ་ཡོད། ལི་ཞིན་ཡོན་གྱི་སྐོར་ཁྲི་493.5119རི་བའི་རྒྱུ་དངོས་ལྐོག་ལེན་བྱས་པ་ནི་ཉེས་དམིགས་མ་གྲུབ་པའི་རྒྱུ་དངོས་ཡིན་པས་དེ་ལུགས་ཉེས་ཆད་ཡང་གཅོད་བྱས་ཆོག ལི་ཞིན་ཡོན་གྱིས་ཉེས་པ་དང་ཆད་གཅོད་ངོས་ལེན་བྱས་པས་ཆད་པ་ཡང་གཅོད་བྱས་ཆོག་པའི་ངོས་འཛིན་བྱས་ཡོད།
ཞུ་སྦྱོར་ཕྱི་མ་ལི་ཞིན་ཡོན་གྱིས་མཇུག་མཐའི་གསལ་བཤད་བྱས་ནས་ཁྲིམས་རར་ནག་ཉེས་ངོས་ལེན་དང་ཆད་གཅོད་ངོས་ལེན་ཞུས་པ་མ་ཟད། མིག་ཆུ་གཏོང་བཞིན་འགྱོད་བཤགས་ཟབ་མོ་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།