རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་ཚུན། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་མཐའ་གཅིག་ཏུ་བཏང་ཞིང་། ཉེ་ཆར། ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་གྱོད་གཞི་3བསྟུད་མར་རྩད་ཆོད་དེ་གྱོད་འབྲེལ་ཉེས་གསོག་དོགས་ཅན་ཁ་ཤས་འཛིན་བཟུང་བྱས་ནས། གནའ་བའི་རྭ་ཅོ་4དང་། པགས་པ་3 མགོ་བོ་2 ཤ་ཁོག་4བཅས་བཙན་ཉར་བྱས་པ་རེད།
གྱོད་གཞིའི་བརྒྱུད་རིམ།
12ཚེས་18ཉིན། ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཕུན་ཚོགས་གླིང་ཤང་མངགས་གཏོང་ཁང་ལ་མང་ཚོགས་ཀྱི་ཐེར་འདོན་ཁུངས་སྣེ་འབྱོར་ཏེ། ཕུན་ཚོགས་གླིང་ཤང་བཞད་མཆོས་གཅོད་གྲོང་ཚོར་མི་ཁ་ཤས་ཀྱིས་ཁྲིམས་འགལ་ངང་གནའ་བ་གསོད་ཀྱི་འདུག་ཅེས་བཤད།
ཉེས་གསོག་དོགས་ཅན་གྱིས་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུ་བཞིན་པ།
ཉེན་བརྡ་འབྱོར་རྗེས་ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་མཆན་བཀོད་མཛུབ་སྟོན་བྱས་པ་སྟེ། གྱོད་གཞིར་ཆེད་མངགས་མྱུལ་ཞིབ་བྱས་པས་འཕྲལ་མར་རྩད་ཆོད་པ་རེད། ཅུས་ཀྱི་འགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་དང་བཀོད་སྒྲིག་ལྟར། ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་འཕྲལ་མར་ཕུན་ཚོགས་གླིང་ཤང་མངགས་གཏོང་ཁང་དང་མཉམ་དུ་མྱུལ་ཞིབ་བྱས་པ་རེད།
ཉེས་གསོག་དོགས་ཅན་འཛིན་བཞིན་པ།
མཉམ་འབྲེལ་ཆེད་དམིགས་གྱོད་དོན་ཚོགས་ཆུང་གིས་ཕུན་ཚོགས་གླིང་ཤང་མངགས་གཏོང་ཁང་གི་དུས་འགོའི་ལས་ཀའི་རྨང་གཞིའི་ཐོག་མྱུལ་ཞིབ་གཟབ་ནན་བྱས་པ་བརྒྱུད། 2021ལོའི་ཟླ་12ཚེས་19ཉིན་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་མཁན་གྱི་ཉེས་གསོག་དོགས་ཅན་བསྟན་ཆེ་གེ་མོ་དང་། འཇམ་ཆེ་གེ་མོ། ཕུན་ཆེ་གེ་མོ། ཚེ་ཆེ་གེ་མོ་བཅས་བཟུང་ནས་ཁྲིམས་ལ་སྦྱར་བ་རེད།
དེ་དང་ཆབས་ཅིག་གཤམ་གྱི་གྱོད་གཞི་དེ་དག་ཀྱང་རྩད་ཆོད་པ་སྟེ།
1.2021ལོའི་ཟླ་7པར་ཉེས་གསོག་དོགས་ཅན་བསྟན་ཆེ་གེ་མོས་རྫས་ལུད་བཞད་མཆོས་གཅོད་གྲོང་ཚོའི་ཕུ་ཆེན་འབྲོག་ཁུལ་གྱི་རྒྱུད་དུ་གཏོར་ནས་གནའ་བ་1བསད།
2.2021ལོའི་ཟླ་10པའི་ཟླ་སྟོད་དུ། འཇམ་ཆེ་གེ་མོས་ཉེས་གསོག་དོགས་ཅན་ཚེ་ཆེ་གེ་མོ་དང་མཉམ་དུ་རྫས་ལུད་བཞད་མཆོས་གཅོད་གྲོང་ཚོའི་ཉེ་འཁོར་དུ་གཏོར་ནས་གནའ་བ་3བསད།
3.2021ལོའི་ཟླ་10པའི་ཟླ་མཇུག་ཏུ་འཇམ་ཆེ་གེ་མོས་ཉེས་གསོག་དོགས་ཅན་ཕུན་ཆེ་གེ་མོ་དང་མཉམ་དུ་རྫས་ལུད་བཞད་མཆོས་གཅོད་གྲོང་ཚོའི་ལུང་ཁ་འབྲོག་ཁུལ་གྱི་རྒྱུད་དུ་གཏོར་ནས་གནའ་བ་6བསད།
འདྲི་རྩད་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་གྱིས་གནའ་བ་བསད་པའི་ཉེས་གསོག་གི་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།
མིག་སྔར། ཉེས་གསོག་དོགས་ཅན་འཇམ་ཆེ་གེ་མོ་དང་། ཚེ་ཆེ་གེ་མོ། བསྟན་ཆེ་གེ་མོ་བཅས་ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། ཉེས་གསོག་དོགས་ཅན་ཕུན་ཆེ་གེ་མོ་ཁྲིམས་ལྟར་ཁག་ཁྱེར་བཀའ་སྒུག་བྱེད་བཞིན་ཡོད། གོང་གི་གྱོད་གཞི་3པོ་སྔར་བས་མྱུལ་ཞིབ་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།