ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

མཚོ་སྔོན་གྱི་མགོ་སྐོར་གཏོང་མཁན་འདི་དག་ལ་ཁྲིམས་ཐག་བཅད་འདུག

སྤེལ་དུས 2021-12-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          དྲ་སྦྲེལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་རྣམ་པ་སྣ་ཚོགས་ཀྱི་དྲ་རྒྱའི་ཉེས་གསོག་དོན་རྐྱེན་མང་པོ་ཐོན་ཡོད། “ཕག་པ་གསོད་ཐབས”ཞེས་པ་ནི་ཉེ་དུས་དར་བའི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་གཏོང་ཐབས་གསར་པ་ཞིག་ཡིན། ཁོང་ཚོས་གཙོ་བོ་གཉེན་སྒྲིག་དང་དགའ་རོགས་སྒྲིག་ཡུལ་གྱི་དྲ་ཚིགས་དང་ཚོགས་འབྲེལ་མཉེན་ཆས་སོགས་ཚོགས་འབྲེལ་ལས་སྟེགས་ནས་མགོ་སྐོར་གཏོང་ཡུལ་འཚོལ་བ་དང་། ལྷག་པར་དུ་བརྩེ་དུང་གླེང་མོལ་དང་དགའ་རོགས་སྒྲིག་ཁུལ་གྱིས་བརྩེ་དུང་ཆེད་མ་དངུལ་བཏང་སྟེ། མགོ་སྐོར་གཏོང་ཡུལ་གྱི་ཡིད་ཆེས་ཐོབ་ཐབས་བྱེད་ཅིང་། དེ་ནས་མགོ་སྐོར་གཏོང་ཡུལ་ལ་རྟོག་བཟོའི་དྲ་ཚིགས་ལས་རྒྱུ་ནོར་གསོག་གཉེར་བྱེད་པའམ་ཡང་ན་རྒྱན་འཇོག་ཁེ་རག་བྱེད་དུ་བཅུག་སྟེ་ཁ་བསླུས་རྒྱག་གི་ཡོད་པ་རེད། 

          ཉེས་གསོག་དེ་རིགས་ཀྱི་མ་གནས་དམའ་བ་དང་། མགོ་རྨོངས་པའི་རང་བཞིན་ཆེ་བ། ཁྱབ་སྤེལ་གྱི་མྱུར་ཚད་མགྱོགས་ཤིང་། གཡོ་འོག་ཏུ་ཚུད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོ་བ་དང་། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་དཀྲུག་ཅིང་། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད།
          སྤྱི་ལོ་2021ལོའི་ཟླ་12ཚེས་23ཉིན་དང་ཚེས་24ཉིན་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ཉེས་དོན་འདྲི་གཅོད་ཁྲིམས་རས་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ཅང་ཆེ་གེ་མོ་སོགས་མི་23གྱིས་ཁ་བསླུས་མགོ་སྐོར་བཏང་པའི་གྱོད་གཞི་འདྲི་ཞིབ་བྱས་པ་རེད། གྱོད་གཞི་དེ་ནི་དཔེ་མཚོན་རང་བཞིན་ལྡན་པའི་“ཕག་པ་གསོད་ཐབས་”ཞེས་པའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཞིག་ཡིན་ལ། གནོད་འཚེ་ཕོག་ཡུལ་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་རུ་ཁྱབ་ཅིང་། ཁ་བསླུས་བརྒྱབ་པའི་དངུལ་གྲངས་སྒོར་བྱེ་བ1.670ལྷག་ཟིན་ཡོད་པ་རེད།
           བརྟག་དཔྱད་བྱས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིང་ལ“ཀྲུང་ལེ”ཞེས་པའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཚོགས་པ་ནི་སྤྱི་ལོ་2020ལོའི་ཟླ་དང་པོར་འབར་མ་ཀའོ་ཀན་ས་ཁུལ་དུ་བཙུགས་པ་དང་། ཅང་ཆེ་གེ་མོ་སོགས་མི་23ཚོགས་པའི་ཁོངས་མི་ཡིན་ལ། ཁོང་ཚོ་གཞི་གཅིག་ཏུ་འཚོ་སྡོད་བྱས་ཤིང་། ཁོང་ཚོས་ལས་བགོས་མཉམ་ལས་བྱས་ཏེ་ཀྲུང་གོའི་ནང་ལོགས་ཀྱི་སྤྱི་དམངས་ལ་དམིགས་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་བརྒྱབ་པ་རེད།

          ཁོང་ཚོའི་མགོ་སྐོར་གཏོང་སྟངས་གཙོ་བོ་ནི། ཐོག་མར་ཚོགས་འབྲེལ་མཉེན་ཆས་དང་དྲ་ཚིགས་མང་པོ་བརྒྱུད་མགོ་སྐོར་གཏོང་ཡུལ་བཙལ་ཏེ་ངོ་ཤེས་བྱེད་པ་དང་། མགོ་སྐོར་གཏོང་ཡུལ་གྱི་ཡིད་ཆེས་ཐོབ་རྗེས། དགའ་རོགས་སྒྲིག་པ་དང་ཡོང་སྒོ་འཚོལ་བ་སོགས་ལ་ཁ་གཡར་ཏེ། མགོ་སྐོར་གཏོང་ཡུལ་གང་དེ་ཚོགས་པ་དེས་མཁོ་འདོན་བྱས་པའི་རྟོག་བཟོའི་དྲ་ཚིགས་སུ་ཞུགས་སུ་བཅུག་སྟེ་རྒྱུ་ནོར་གསོག་གཉེར་རམ་ཡང་ན་རྒྱན་འཇོག་ཁེ་རག་བྱེད་པར་མ་དངུལ་གཏོང་དུ་འཇུག་པ་དང་། ཐོབ་ཆ་ཉུང་ཙམ་བགོ་བ་དང་ཚོགས་མིར་གྱུར་ཏེ་ཁེ་ཕན་རག་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། མགོ་སྐོར་གཏོང་ཡུལ་ལ་རྒྱུན་ཆད་མེད་པར་མ་དངུལ་འཇོག་པ་དང་ཐང་དངུལ་འཇོག་ཏུ་བཅུག་ནས་ཁ་བསླུས་རྒྱག་གི་ཡོད་པ་རེད།
          ངེད་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་ལྟར་ན། ཞུ་སྦྱོར་ཕྱི་མ་ཅང་ཆེ་གེ་མོ་སོགས་མི་23གྱིས་ཁྲིམས་འགལ་གྱིས་བདག་གིར་འཛིན་པར་དམིགས་ཏེ། དོན་དངོས་རྫུན་བཟོ་དང་གནས་ཚུལ་ངོ་མ་སྦས་གསང་གི་བྱ་ཐབས་སྤྱད་དེ་ཕྱི་རྒྱལ་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་བརྒྱབ་སྟེ། གཞན་གྱི་རྒྱུ་ནོར་གཡོ་ལེན་བྱས་ཤིང་། གཡོ་ལེན་བྱས་པའི་གྲངས་འབོར་ཧ་ཅང་ཆེ་བའམ་ཡང་ན་ཉེས་ཚབས་ཧ་ཅང་ཆེ་བའི་གནས་ཚུལ་གཞན་ཡང་ཡོད་ཅིང་། བྱ་སྤྱོད་དེ་དག་གིས་ཁ་བསླུས་ཀྱི་ཉེས་པ་བསགས་ཡོད། ཉེས་ཅན་གཏེ་པོ་ཅང་ཆེ་གེ་མོ་སོགས་མི་11ལ་ལོ་བཅུ་དང་ཟླ་དྲུག་དང་།  ལོ་དྲུག་ནས་ཟླ་བ་དྲུག་བར་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཉེས་ཆད་དང་དངུལ་ཆད་བཅད་ཡོད་ལ། དེ་མིན་གྱི་མི་12ལ་ལོ་བཞི་དང་ཟླ་གཉིས་ནས་ལོ་ལྔ་དང་ཟླ་དྲུག་བར་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཉེས་ཆད་དང་དངུལ་ཆད་བཅད་ཡོད། 
          གྱོད་གཞི་དེ་ནི་གློག་འཕྲིན་དྲ་བ་བརྒྱུད་ནས་རྒྱལ་མཚམས་བརྒལ་ཏེ་ཀྲུང་གོའི་སྤྱི་དམངས་ཀྱི་རྒྱུ་ནོར་གཡོ་ལེན་བྱེད་ཐབས་ཀྱི་ཉེས་གསོག་དོན་རྐྱེན་ཞིག་ཡིན་ལ། དེའི་ཉེས་གསོག་བྱ་ཐབས་ལ་ཡིབ་པའི་རང་བཞིན་ལྡན་ཞིང་མགོ་སྐོར་གཏོང་ཡུལ་རྒྱ་ཆེ་བ་སྟེ། མི་དམངས་ཀྱི་རྒྱུ་ནོར་ལ་གྱོང་གུན་ཧ་ཅང་ཆེན་པོ་བཟོས་ཤིང་སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོས་པ་ཞིག་རེད།  
རྩོམ་སྒྲིག་པ། བདེ་སྒྲོན།