ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཁ་བསླུས་རྒྱག་ཐབས་གསར་པ་འདིར་ཚང་མས་ཡིད་གཟབ་གནང་རོགས།

སྤེལ་དུས 2022-01-17 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
            ཉེ་ཆར། ཁྱེད་ཀྱི་སྨན་བཅོས་འགན་བཅོལ་བྱང་བུ་སྤྱོད་མཚམས་བཞག་འདུག་པས་གློག་རྡུལ་པར་མ་སྙན་ཞུ་བྱས་ཏེ་སྤྱོད་རོགས་ཞེས་པའི་འཕྲིན་ཐུང་ཞིག་མང་ཚོགས་མང་པོར་འབྱོར་ཡོད། སྦྲེལ་ཐག་གནན་ནས་དྲ་ངོས་ལ་འཛུལ་ཚེ་གཞུང་ཕྱོགས་དྲ་ངོས་དང་ཧ་ཅང་འདྲ་པོ་ཡོད། འོན་ཀྱང་། དེའི་ནང་ཤིང་རྟ་ནད་དུག་གི་སྦྲེལ་ཐག་ཡོད་པས་དྲ་ངོས་ཀྱི་དྲན་སྐུལ་ལྟར་ཐོབ་ཐང་ལག་ཁྱེར་དང་དངུལ་ཁང་བྱང་བུ་སོགས་ཀྱི་ཆ་འཕྲིན་བྲིས་ཚེ། ཁྱེད་ཀྱི་དངུལ་ཁང་བྱང་བུ་གཞན་གྱི་བརྐུས་ནས་བེད་སྤྱོད་བྱེད་ཉེན་ཡོད། འདིར་སྨན་བཅོས་འགན་བཅོལ་ཚན་པས་ཆ་འཕྲིན་འདིའི་རིགས་ལ་ཡིད་ཆེས་རྩ་བ་ནས་མ་གནང་ཞུ་རྒྱུ་ཡིན།
            ཉེ་ཆར། ལེ་ཉིང་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུད་ཀྱི་གཞུང་ཕྱོགས་སྐད་འཕྲིན་ཐོག་བསྐུར་བའི་ཆ་འཕྲིན་ནང་བཀོད་པ་ལྟར་ན། ལེ་ཉིང་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུད་ལ་མང་ཚོགས་ཁག་ཅིག་གི་སྙན་ཞུ་འབྱོར་བའི་ནང་། ཁྲིམས་འགལ་མི་སྣས་ཞིང་ཆེན་དེའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ལ་ཁ་བསླུས་འཕྲིན་ཐུང་འབྱོར་ཞིང་། འཕྲིན་ཐུང་ནང་[ལེ་སྲིད་འཕྲིན་]ཁྱེད་ཀྱི་སྨན་བཅོས་འགན་བཅོལ་བྱང་བུ་སྤྱོད་མཚམས་བཞག་འདུག་པས་གློག་རྡུལ་པར་མ་སྙན་ཞུ་བྱས་ཏེ་སྤྱོད་རོགས་ཞེས་བྲིས་པ་དང་། དེའི་ནང་སྦྲེལ་ཐག་རྫུན་མ་ཞིག་ཡོད་པ་དེ་གནན་དགོས་པའི་བསླུ་བྲིད་བྱས་ཡོད། 

            སྦྲེལ་ཐག་དེ་མནན་ནས་དྲ་ངོས་སུ་འཛུལ་ཚེ་གཞུང་ཕྱོགས་ཀྱི་དྲ་ངོས་དང་ཧ་ཅང་འདྲ་པོ་ཡོད། དྲ་ཐོག་གི་དྲན་སྐུལ་ལྟར་ཐོབ་ཐང་ལག་ཁྱེར་ཨང་གྲངས་དང་། དངུལ་ཁང་བྱང་བུ། དངུལ་ཁང་བྱང་བུའི་གསང་ཨང་། སྔོན་བཞག་ཁ་པར་ཨང་གྲངས། ར་སྤྲོད་ཨང་གྲངས་སོགས་ཀྱི་ཆ་འཕྲིན་བྲིས་ཚེ། གནོད་འཚེ་ཕོགས་མཁན་གྱི་ཁ་པར་དང་དངུལ་ཁང་བྱང་བུ་སོགས་ཀྱི་ཆ་འཕྲིན་བརྐུ་ལ་ཤོར་ནས་དངུལ་ཁང་བྱང་བུའི་ནང་གི་དངུལ་གཞན་གྱི་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། 
            བདེན་མིན་དབྱེ་ཞིབ་བྱས་པ་བརྒྱུད། ལེ་ཉིང་ཞིང་ཆེན་སྨན་བཅོས་འགན་བཅོལ་ཚན་པ་དང་འབྲེལ་ཡོད་སྲིད་གཞུང་ཚན་པས་ལས་ཁུངས་ག་གེ་མོའི་མིང་ཐོག་ནས་སྨན་བཅོས་འགན་བཅོལ་བྱང་བུ་སྤྱོད་མཚམས་བཞག་པས་གློག་རྡུལ་པར་མ་བརྗེས་ནས་སྤྱད་དགོས་ཞེས་པའི་འཕྲིན་ཐུང་བསྐུར་མེད་ལ། དྲ་ཚིགས་བསྐུར་ཏེ་གནན་དགོས་པའི་འཕྲིན་ཐུང་དེ་བས་བསྐུར་མེད་པ་རེད། 
            ཁ་བསླུས་རྒྱག་ཐབས་འདིའི་རིགས་ཧོ་པའེ་དང་། ཧུའུ་པའེ། སི་ཁྲོན། ཧྲན་ཞི་སོགས་ལ་ཐོན་ཟིན་པས། རྒྱ་ཆེའི་འགན་བཅོལ་ལ་ཞུགས་པའི་མི་སྣས་དོགས་ཟོན་བྱས་ཏེ། སོ་སོའི་ཆ་འཕྲིན་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས། རྒྱུས་མེད་སྦྲེལ་ཐག་མི་གནན་པའི་དྲན་སྐུལ་ཞུ་རྒྱུ་ཡིན། 
            སྨན་བཅོས་འགན་བཅོལ་གློག་རྡུལ་པར་མ་ཇི་ལྟར་ལེན་དགོས་ཞེ་ན།
            འགན་བཅོལ་ནང་ཞུགས་པའི་མི་སྣས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་སྤྱོད་སྣེ་དང་། སྐད་འཕྲིན། གཏོང་སྤྲོད་དབོ་བཅས་བརྒྱུད་དེ། སོ་སོའི་གདོང་རིས་བཤེར་ནས་ར་སྤྲོད་བྱས་ཚེ་སྨན་བཅོས་འགན་བཅོལ་གློག་རྡུལ་པར་མ་སྤྱོད་ཐུབ་པས། སྲིད་དོན་ཚོམས་ཆེན་ནས་ལེན་པར་འགྲོ་མི་དགོས། 
            དེ་སྔའི་སྨན་བཅོས་འགན་བཅོལ་བྱང་བུ་སྤྱད་ན་འགྲིག་གམ།
            སྨན་བཅོས་འགན་བཅོལ་བྱང་བུའི་ནུས་པ་ཉམས་མེད་པས་སྔར་བཞིན་བེད་སྤྱོད་བྱས་ན་འགྲིག གློག་རྡུལ་པར་མའི་སྨན་བཅོས་འགན་བཅོལ་དཔང་འཛིན་ཁ་ཕྱེ་ཚེ། དེ་སྔའི་སྨན་བཅོས་འགན་བཅོལ་བྱང་བུ་མ་འཁྱེར་ན་འགྲིག་ལ། སྤྱི་ཚོགས་འགན་བཅོལ་བྱང་བུ་བརླག་དོགས་ཀྱི་སེམས་ཁྲལ་བྱ་མི་དགོས་ལ་བརླག་རྗེས་ཀྱི་འགྲོ་སོང་ཡང་གཏོང་མི་དགོས།