མཚོ་སྔོན་ནས་གློག་རྡུལ་ཐ་མག་གི་གྱོད་གཞི་ཐོག་མ་དེ་རྩད་ཆོད་པ།
སྤེལ་དུས 2022-01-18
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
གློག་རྡུལ་ཐ་མག་གི་གྲུབ་ཆ་ནི་སོ་མ་ར་ཙ་ཡིན་ལ། མཚོ་སྔོན་གྱིས“དབྱིངས་ཞུགས་གློག་རྡུལ་ཐ་མག”གི་གྱོད་གཞི་ཐོག་མ་དེ་རྩད་ཆོད་པ།
ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཐ་མག་ཆེད་ཚོང་ཅུས(ཀུང་སི)ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་ཟི་ལིང་གྲོང་ཁྱེར་ཐ་མག་ཆེད་ཚོང་ཅུས་ཀྱིས་རྟ་ཐང་རྫོང་སྤྱི་བདེ་ཅུས་དང་མཉམ་འབྲེལ་ཐོག“དབྱིངས་ཞུགས་གློག་རྡུལ་ཐ་མག”ཅེས་པའི་གྱོད་གཞི་ཞིག་རྩད་ཆོད་ནས་དོགས་ཡོད་ཉེས་ཅན་མི3འཛིན་བཟུང་བྱས་པ་རེད། གྱོད་གཞི་འདི་ནི་མཚོ་སྔོན་ཞིང་ཆེན་གྱི“དབྱིངས་ཞུགས་གློག་རྡུལ་ཐ་མག”གི་གྱོད་གཞི་ཐོག་མ་དེ་ཡིན་པ་དང་། དེའང་ཐ་མག་ཆེད་ཚོང་ཅུས་དང་སྤྱི་བདེ་ཅུས་མཉམ་ལས་དམ་ཟབ་བྱས་པའི་དཔེ་མཚོན་གྱི་གྱོད་གཞི་ཞིག་རེད།
2021ལོའི་ཟླ10པར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མངའ་ཁོངས་ཀྱི་མཱ་ཆེ་གེ་མོ་སོགས་ཀྱིས་ནང་དུ་མཉམ་འདྲེས་སོ་མ་ར་ཙའི་རྒྱུ་འདུས་ཡོད་པ་འདྲ་བའི་གློག་རྡུལ་ཐ་མག་འཐེན་པའམ་དེ་ལྐོག་ཚོང་བྱེད་པ་དང་འབྲེལ་བའི་ཐོག་མའི་ཁུངས་སྣེ་ཞིག་ལག་ཏུ་འབྱོར་བས། འཕྲལ་མར་རྟ་ཐང་རྫོང་སྤྱི་བདེ་ཅུས་དུག་འགོག་རུ་ཆེན་དང་མཉམ་དུ་ཆེད་དམིགས་གྱོད་དོན་ཚོགས་ཆུང་བཙུགས་ཏེ། ཁུངས་སྣེ་དེར་ཟླ་བ་གཉིས་ལྷག་གི་རིང་ལ་མྱུལ་ཞིབ་བྱས་མཐར། དོགས་ཡོད་ཉེས་ཅན་མཱ་ཆེ་གེ་མོས་སྐད་འཕྲིན་བརྒྱུད་མཉམ་འདྲེས་སོ་མ་ར་ཙའི་རྒྱུ(དུག་རྫས།)ཐེངས་མང་པོ་ཉོས་པར་མ་ཟད། ལྐོག་ཚོང་སྒོས་ཁེ་བཟང་ལེན་པའི་གནས་ཚུལ་དངོས་དང་འགག་རྩའི་དཔང་རྟགས་རྩད་ཆོད་གསལ་པོ་བྱུང་སྟེ། ཉེ་ཆར་དེའི་མཐའ་སྐོར་ནས་དོགས་ཡོད་ཉེས་ཅན་མི་གསུམ་འཛིན་བཟུང་བྱས་པ་དང་། དོན་རྐྱེན་བྱུང་ཡུལ་དུ་སོ་མ་ར་ཙའི་རྒྱུ་ཁེ131.46རྩད་ཆོད་པ་དང་། ཡུལ་དངོས་ཀྱི་གྱོད་གཞིའི་དངོས་ཟོག་གི་རིན་ཐང་སྒོར་ཁྲི10ཙམ་ཟིན་ཞིང་། མིག་སྔར་གྱོད་གཞི་དེ་མུ་མཐུད་དུ་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།
“དབྱིངས་ཞུགས་གློག་རྡུལ་ཐ་མག”ནི་ནང་དུ་སོ་མ་ར་ཙ་སོགས་བཀག་སྡོམ་དངོས་པོའི་གྲུབ་ཆ་བཞག་པའི་གློག་རྡུལ་ཐ་མག་ཞིག་རེད། “དབྱིངས་ཞུགས་གློག་རྡུལ་ཐ་མག”གི་ཕྱི་ངོས་ནི་སྤྱིར་བཏང་གི་གློག་རྡུལ་ཐ་མག་དང་འདྲ་མོད། འོན་ཀྱང་ཐ་མག་སྣུམ་གྱི་ནང་དུ“མཉམ་འདྲེས་སོ་མ་ར་ཙའི་རྒྱུ”བཞག་ཡོད་པས། དོན་དངོས་སུ་དུག་རྫས་རིགས་གསར་པ་ཞིག་རེད། དེ་འཐེན་རྗེས་ཤེས་མེད་ཚོར་མེད་ངང་དུག་གི་དབྱིངས་ཞུགས་སྲིད་པ་དང་། འཐེན་པ་མང་དྲགས་ན་དྲན་པ་ཐོར་བ་དང་། དབང་པོ་ཉམས་པ། དབུགས་ཆད་པ། གློ་བུར་དུ་ཤི་བ་སོགས་ཀྱི་གནས་ཚུལ་འབྱུང་བས། གནོད་སྐྱོན་རང་བཞིན་ཤིན་ཏུ་ཆེ་སྟབས། རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་དུག་རྫས་སུ་བརྩིས་ནས་དོ་དམ་བྱེད་བཞིན་ཡོད།
མཚོ་སྔོན་ཞིང་ཆེན་ཐ་མག་ཆེད་ཚོང་ཅུས(ཀུང་སི)ཀྱིས་རྒྱ་ཆེའི་མང་ཚོགས་ལ་དྲན་སྐུལ་བྱས་དོན། “དབྱིངས་ཞུགས་གློག་རྡུལ་ཐ་མག”བཙོང་པའམ་འཐེན་པ་སོགས་ཤེས་རྟོགས་བྱུང་ཚེ་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་སམ་ཡང་ན་ཐ་མག་ཆེད་ཚོང་དོ་དམ་སྡེ་ཁག་ལ་ཞུ་གཏུག་བྱ་ཆོག་ཞེས་བསྟན།
རྩོམ་སྒྲིག་པ། བདེ་སྒྲོན།