མི་ཁྲེལ་མེད་ལ་མཐའ་མེད།
དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྲོག་སྐྱོབ་དངུལ་ཡང་རྒྱན་དུ་བཞག་པ་རེད།
《སྟག་སྦྲང་མཉམ་རྡུང་》གི་འགྲེལ་བཤད་དུ་“བརྟག་དཔྱད་བྱེད་རིང་གནོད་འཚེ་ཕོག་མཁན་མི་རེ་ངོ་རེའི་གནས་ཚུལ་གྱིས་ལས་དོན་ཚོགས་ཆུང་ཧང་སངས་ཤིང་ཁོང་ཁྲོ་ལངས་པར་བྱས་ཡོད་”ཅེས་བཤད། ཀྲའོ་ཡུང་ལེན་གྱིས་མི་སེར་གྱི་སྲོག་སྐྱོབ་དངུལ་གཡོ་ལེན་བྱས་ནས་མ་ཅང་བརྒྱབ་ཡོད་ཅིང་། བྱ་སྤྱོད་ངན་པ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་དང་ཁོང་ཁྲོ་དབང་མེད་དུ་སྐྱེད་པ་ཞིག་རེད།
རུས་སྐྲན་ཕོག་པའི་བུ་མོ་ཞིག་གི་ཚེ་སྲོག་སྐྱོབ་པའི་རོགས་དངུལ་ཧམ་ཟ་བྱས་པ།
ཡུང་ཏེང་རྫོང་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་གྱི་ཡིག་བསྐུར་ངོ་བཅར་སྐར་ཁུང་མདུན་དུ་དུས་ཚོད་ངེས་ཅན་ཞིག་རིང་མང་ཚོགས་མང་པོ་ཞིག་གིས་མིང་ངོ་མ་བཀོད་ནས་ཀན་སུའུ་ཞིང་ཆེན་ཡུང་ཏེང་རྫོང་དམའ་སྲུང་འགན་ལེན་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲའོ་ཡུང་ལེན་ཐེར་འདོན་བྱས་པ་རེད།
ཐེར་འདོན་དེ་དག་མང་ཆེ་བ་དབུལ་སྐྱོར་ཁྱབ་ཁོངས་དང་འབྲེལ་བ་ཡོད་དེ། ནད་ཆེན་རོགས་སྐྱོབ་དང་། གསོ་ཚགས་མ་དངུལ། ཁང་གླ་ཁེ་བའི་སྡོད་ཁང་སོགས་ཐད་ཀྱི་གནད་དོན་གྱི་ཁུངས་སྣེ་མང་ཤོས་ཡིན་ཞིང་། མཐར་དེ་དག་ཚང་མ་དངོས་ར་གསལ་འཕྲོད་བྱུང་པ་རེད།
ཀྲའོ་ཡུང་ལེན་གྱིས་རྫོང་དམངས་སྲིད་ཅུས་མ་མཐའི་འཚོ་བ་འགན་ལེན་གཞུང་དོན་ཁང་གི་ཀྲུའུ་རེན་ཡིན་སྐབས། རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་རོགས་སྐྱོབ་དང་། མ་མཐའི་འཚོ་བའི་འགན་ལེན། གྲོང་གསེབ་ཀྱི་འགན་ལེན་ལྔའི་བསྙེན་བཀུར། གནས་སྐབས་འཚོ་བའི་རོགས་སྐྱོབ་སོགས་ཀྱི་འགན་འཁྲི་གལ་ཆེན་ཁུར་ཡོད་པས། དབུལ་སྐྱོར་དམངས་འཚོའི་མ་དངུལ་གྱི་ཞིབ་མཆན་དབང་ཆ་ཁག་གཅིག་ཡོད་པ་རེད།
ཝང་ཙི་ཆང་ནི་གནོད་འཚེ་ཐེབས་མཁན་གྱི་གྲས་ཤིག་ཡིན། སྤྱི་ལོ་2016ལོར་ཁོའི་བུ་མོ་ཝང་ཐའོ་ལ་རུས་སྐྲན་ཕོག་ནས་སྔ་རྗེས་སུ་སྨན་ཁང་དུ་ཐེངས་17བསྡད་དེ་པུས་ཚིགས་བརྗེ་ལེན་གྱི་གཤགས་བཅོས་བྱེད་དགོས་བྱུང་བས། བསགས་དངུལ་ཡོད་ཚད་བཏང་མ་མ་ཟད་ད་དུང་བུ་ལོན་ལེན་དགོས་བྱུང་ཡོད། བུ་མོར་མུ་མཐུད་རྫས་འགྱུར་སྨན་བཅོས་བྱེད་པར་འགྲོ་སོང་གཏོང་དགོས་ཀྱི་ཡོད་པས་ཝང་ཙེ་ཆང་གི་ལུས་སེམས་གཉིས་ཀ་སྡུག་མངལ་གྱིས་མནར་ཡོད།
ཝང་ཙི་ཆང་ལ་ཁོའི་གནས་ཚུལ་དེ་ནད་ཆེན་སྐྱོབ་རོགས་རེ་ཞུ་བྱས་ཆོག་ཚུལ་བཤད་མཁན་བྱུང་བས། ཝང་ཙི་ཆང་གིས་དེ་མ་ཐག་དམངས་སྲིད་ཅུས་ལ་སོང་ནས་རེ་ཞུ་བྱས་པ་རེད། དེ་ནི་ཀྲའོ་ཡུང་ལེན་གྱི་འགན་དབང་ཁྱབ་ཁོངས་ཡིན་མོད། ཁོ་མོས་ཝང་ཙེ་ཆང་ལ་སྐྱོབ་རོགས་རེ་ཞུ་བྱེད་འདོད་ན་ལྐོག་རྔན་སྤྲོད་དགོས་ཞེས་མགོ་སྐོར་བཏང་བ་རེད།
ཀྲའོ་ཡུང་ལེན་གྱིས་ཝང་ཙེ་ཆང་ལ་ཐབས་ཤེས་བཏང་ནས་སྒོར་ཁྲི་7ལྷག་ཙམ་སྙན་སེང་ཞུ་ཆོག་མོད། འོན་ཀྱང་སྔོན་ལ་ཁོ་མོར་འབྲེལ་བ་འཛུགས་པའི་སྒོར་ཁྲི་35000སྟེར་དགོས་ཞེས་བཤད། ཝང་ཙེ་ཆང་ཐབས་ཟད་དེ་དངུལ་གཡར་ནས་ཀྲའོ་ཡུང་ལེན་ལ་སྤྲད་པ་རེད། སྲོག་སྐྱོབ་རོགས་དངུལ་སྒོར་ཁྲི་73000ཡི་ཆོག་མཆན་ཐོབ་བྱུང་མོད། ཀྲའོ་ཡུང་ལེན་གྱིས་ཡང་བསྐྱར་ཝང་ཙི་ཆང་ལ་སྒོར་ཁྲི་1སྤྲོད་དུ་བཅུག་པ་རེད།
མཐར་ཝང་ཙེ་ཆང་ལ་སྒོར་ཁྲི་28000ལས་ཐོབ་མེད་ལ། བུ་མོའི་ཚེ་སྲོག་སྐྱོབ་པའི་དངུལ་གྱི་ཕྱེད་ཀ་ཡན་ཀྲའོ་ཡུང་ལེན་གྱིས་ཧམ་ཟ་བྱས་པ་རེད།
ཀན་སུའུ་ཞིང་ཆེན་ཡུང་ཏེང་རྫོང་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་མི་སྣས་བརྟག་དཔྱད་བྱེད་སྐབས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ཚང་མས་“ཚོགས་སྤྱི་འདི་རིགས་ལའང་(ཀྲའོ་ཡུང་ལེན་)ལག་ངན་བསྲིངས་པ་ནི་ངོ་མོ་བསམ་ཡུལ་ལས་འདས་པ་ཞིག་རེད་”ཅེས་བཤད་པ་རེད།
དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྐྱོབ་དངུལ་གཡོ་ལེན་བྱས་པ།
བརྟག་དཔྱད་བྱས་པ་ན། ཀྲའོ་ཡུང་ལེན་གྱིས་སྔ་རྗེས་སུ་གནོད་འཚེ་ཕོག་མཁན་13གྱི་ལག་ནས་ཁྲིམས་འགལ་ངང་སྒོར་ཁྲི་55ལྷག་ཙམ་བླངས་ཡོད་པ་རེད། སྤྱི་ལོ་2019ལོའི་ཟླ་11པར་ཀྲའོ་ཡུང་ལེན་ལ་དུས་བཀག་བཙོན་འཇུག་ལོ་གསུམ་ཟླ་དྲུག་བྱས་པ་མ་ཟད། སྒོར་ཁྲི་བཅུའི་དངུལ་ཆད་བཅད་པ་རེད།
ཀྲོ་ཡུང་ལེན་གྱིས་པར་ཆས་ཀྱི་མདུན་དུ་“ངས་ཀྱང་ནོར་བ་ཤེས་ཀྱི་ཡོད། ཨ་ཙི་གློ་བུར་དུ་ནོར་འཁྲུལ་གྱི་རྒྱ་མཚོར་ལྷུངས་སོང་ཟེར་བ་དང་། འདས་དོན་ལ་ཕྱིར་དྲན་བྱེད་ནུས་པར། ངས་འདིར་ཉེས་པ་ངོས་ལེན་དང་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུ་ཡིན་”ཞེས་བཤད་ལ། རང་ཉིད་ཀྱི་འདས་དོན་གླེང་བར་ངོ་ཚ་བར་གྱུར་པ་རེད།