2022ལོའི་ཟླ་དང་པོའི་ཚེས་12ཉིན། “110”བཀོད་འདོམས་ལྟེ་གནས་ལ་གྲྭ་བཞི་དཀྱིལ་ལམ་གྱི་རྟ་རྒྱུག་ར་བའི་སྒོ་ཁར་བཞག་པའི་ཡ་ཏི་རྟགས་ཅན་གྱི་གློག་སྒུལ་སྦག་སྦག་ཐལ་མདོག་གཅིག་བརྐུས་པའི་ཉེན་བརྡ་འབྱོར། ཉེན་བརྡ་འབྱོར་རྗེས་ཉང་བྲན་མངགས་གཏོང་ཁང་གི་ཉེས་དོན་གྱོད་སྒྲུབ་རུ་ཁག་གི་མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་བདག་སྤྲོད་བྱས།
བརྟག་དཔྱད་བྱེད་རིང་། མི་དམངས་ཉེན་རྟོག་པས་གྱོད་གཞི་ཐོན་ཡུལ་དང་དེའི་ཉེ་འཁོར་དུ་མྱུལ་ཞིབ་བྱས་ཤིང་། དེའི་ཉེ་འཁོར་དང་ལམ་རྒྱུད་ཀྱི་གློག་མིག་ལ་བལྟས་པ་མ་ཟད། དོ་བདག་ལ་འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ལེང་ཆེ་གེ་མོས་རྐུ་མ་རྐུ་སྐབས་བཞོན་པའི་གློག་སྒུལ་སྦག་སྦག་གི་འཁོར་རྟགས་གཏན་འཁེལ་བྱུང་བ་རེད། 2022ལོའི་ཟླ་དང་པོའི་ཚེས་20ཉིན་ཟ་ཁང་ཞིག་ནས་ཉེས་གསོག་དོགས་ཅན་ལེང་ཆེ་གེ་མོ་བཟུང་བ་རེད།
བརྟག་དཔྱད་བྱས་རྗེས་བདེན་དཔང་བྱུང་བར། 2022ལོའི་ཟླ་དང་པོའི་ཚེས་12ཉིན་གྱི་ཆུ་ཚོད་4པ་ཙམ་ལ་ཉེས་གསོག་དོགས་ཅན་ལེང་ཆེ་གེ་མོས་ཁྲེང་ཀོན་ཆུས་གྲྭ་བཞི་དཀྱིལ་ལམ་གྱི་རྟ་རྒྱུག་ར་བའི་སྒོ་ཁ་ནས་དབྱང་ཆེ་གེ་མོ་དང་མཉམ་དུ་ཏེང་ཆེ་གེ་མོའི་གློག་སྒུལ་སྦག་སྦག་བརྐུས་པའི་ཁྲིམས་འགལ་གྱི་ཉེས་གསོག་དོན་དངོས་ངོས་ལེན་ཞུས་པ་རེད།
མུ་མཐུད་རྩད་གཅོད་བྱས་པ་བརྒྱུད། 2022ལོའི་ཟླ་དང་པོའི་ཚེས་3ཉིན་ཉེས་གསོག་དོགས་ཅན་ལེང་ཆེ་གེ་མོ་དང་དབྱང་ཆེ་གེ་མོས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་རིགས་བྱང་ལམ་གྱི་ཨར་ཁང་ཞིག་གི་སྒོ་ཁ་ནས་གློག་སྒུལ་སྦག་སྦག་ཅིག་བརྐུས། ཡང་2022ལོའི་ཟླ་དང་པོའི་ཚེས་15ཉིན་ཁྲེང་ཀོན་ཆུས་ལྷ་ཀླུ་སྡེ་ཁུལ་གྱི་སྒོ་རྩིས་ཚོང་ཁང་ཞིག་གི་སྒོ་འགྲམ་ནས་གློག་སྒུལ་སྦག་སྦག་ཅིག་བརྐུས་པའི་ཉེས་གསོག་དོན་དངོས་ངོས་ལེན་ཞུས་པ་རེད།
མིག་སྔར་ཉེས་གསོག་དོགས་ཅན་ལེང་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་བརྐུས་པའི་གློག་སྒུལ་སྦག་སྦག་ཀྱང་དོ་བདག་ལ་རྩིས་སྤྲད་པ་རེད།
ཉེན་རྟོག་པའི་དྲན་སྐུལ།
རྒྱ་ཆེའི་གྲོང་མི་ཚོས་རྐུན་འགོག་འདུ་ཤེས་ཟབ་ཏུ་བཏང་ནས། གློག་སྒུལ་སྦག་སྦག་འཇོག་སྐབས་གློག་མིག་ཡོད་སར་འཇོག་དགོས། དེ་འདྲ་བྱས་ན་རྐུ་བའི་ཉེན་ཁ་ཆུང་དུ་འགྲོ་སྲིད། གལ་ཏེ་སྟབས་མི་ལེགས་པར་བརྐུས་ནའང་། མི་དམངས་ཉེན་རྟོག་པར་གྱོད་གཞི་རྩད་གཅོད་བྱེད་པར་སྟབས་བདེ་ཡོང་སྲིད།
རྩོམ་སྒྲིག་པ། བདེ་སྒྲོན།