ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་སོགས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་《དངུལ་རྩའི་ལས་ཁུངས་ཀྱི་མཁོ་མཁན་གྱི་རང་འགན་གཙང་སྒྲུབ་ཀྱི་བརྟག་དཔྱད་དང་མཁོ་མཁན་གྱི་ཐོབ་ཐང་དཔྱད་ཡིག་དང་དེ་བཞིན་ཉོ་ཚོང་ཟིན་ཐོ་ཉར་ཚགས་དོ་དམ་བྱ་ཐབས》(གཤམ་དུ་《བྱ་ཐབས》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས། སྤྱི་ལོ་2022ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
《བྱ་ཐབས》ནང་། ཚོང་ལས་དངུལ་ཁང་དང་། གྲོང་གསེབ་ཀྱི་མཉམ་ལས་དངུལ་ཁང་། གྲོང་གསེབ་ཀྱི་ཡིད་རྟོན་མཉམ་ལས་ཁང་། གྲོང་ཚོ་དང་གྲོང་རྡལ་གྱི་དངུལ་ཁང་སོགས་དངུལ་རྩའི་ལས་ཁུངས་ཀྱིས་མཁོ་མཁན་ལ་མི་དམངས་ཤོག་སྒོར་ཁྲི་5ཡན་དང་ཡང་ན་ཕྱི་དངུལ་ཨ་སྒོར་ཁྲི་1ཡན་གྱི་དངུལ་སྨར་གསོག་ལེན་ལས་སྒོ་གཉེར་ཚེ། མཁོ་མཁན་གྱི་ཐོབ་ཐང་ལ་དབྱེ་འབྱེད་དང་ཞིབ་བསྡུར་བྱེད་དགོས་པ་མ་ཟད། མ་དངུལ་གྱི་ཡོང་ཁུངས་དང་སྤྱོད་སྒོ་ཐོ་འགོད་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།
དོན་དེའི་ཐད། ཀྲུང་གོ་མི་དམངས་དངུལ་ཁང་གི་འབྲེལ་ཡོད་སེ་དང་ཅུད་ཀྱི་འགན་འཁུར་བས། དངུལ་རྩའི་ལས་ཁུངས་ཀྱིས་གཏན་འབེབས་དེ་ལག་ལེན་བསྟར་སྐབས་གྲོང་མིའི་རྒྱུན་གཏན་གྱི་དངུལ་སྨར་གསོག་ལེན་གྱི་ལས་སྒོར་ཤུགས་རྐྱེན་ཐེབས་མི་སྲིད་ལ་ལས་སྒོའི་ཐད་སྟབས་བདེ་ཡོང་རྒྱུར་ཡང་ཤུགས་རྐྱེན་ཐེབས་མི་སྲིད་ཅེས་གསུངས་ཡོད།
ཀྲུང་གོ་མི་དམངས་དངུལ་ཁང་གི་འབྲེལ་ཡོད་སེ་དང་ཅུད་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱུན་ལྡན་གྱི་གནས་ཚུལ་འོག དངུལ་རྩའི་ལས་ཁུངས་ཀྱིས་མཁོ་མཁན་གྱིས་ཆ་འཕྲིན་འབྲི་བའམ་ཡང་ན་དཔང་རྟགས་ཀྱི་རྒྱུ་ཆ་མཁོ་འདོན་བྱེད་དུ་འཇུག་མི་སྲིད། དངུལ་རྩའི་ལས་ཁུངས་ཀྱིས་སྟབས་བདེའི་ངང་རྒྱུས་ལོན་འདྲི་རྩད་བྱས་རྗེས་ཐད་ཀར་མཁོ་མཁན་ལ་དངུལ་སྨར་གསོག་ལེན་ལས་སྒོ་གཉེར་བ་དང་སྦྲགས་འབྲེལ་ཡོད་གནས་ཚུལ་ཐོ་འགོད་བྱེད་ཆོག ཉོ་ཚོང་རྒྱུན་ལྡན་མིན་པ་ཤིན་ཏུ་མངོན་གསལ་དོད་པ་དང་། ཉོ་ཚོང་དེ་བཙོག་དངུལ་གཙང་སྒྱུར་ལ་སོགས་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཡིན་པ་ཁུངས་ལུང་ཏན་ཏིག་ངང་དོགས་པ་བྱེད་སྐབས། གཞི་ནས་མཁོ་མཁན་ལ་སྔར་བས་རྒྱུས་ལོན་བྱེད་པའི་གནས་ཚུལ་ཐོན་སྲིད་ཅེས་གསུངས་པ་དང་།
ཀྲུང་གོ་མི་དམངས་དངུལ་ཁང་གིས།《བྱ་ཐབས》བཟོས་པ་དེས་དངུལ་རྩའི་ལས་རིགས་འཕེལ་རྒྱལ་འགྲོ་ཚུལ་དང་འཚམ་པའི་སྒོ་ནས། རང་རྒྱལ་གྱི་བཙོག་དངུལ་གཙང་སྒྱུར་དང་འཇིགས་སྐུལ་མ་རྩ་མཉམ་འདྲེས་ཀྱི་ཉེན་ཁ་འགོག་ནུས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད། ཉེ་བའི་ལོ་ཤས་རིང་། དངུལ་རྩའི་ཐོན་རྫས་དང་ལས་སྒོའི་རྣམ་པར་འགྱུར་ལྡོག་ཕྱིན་པ་དང་ཆབས་ཅིག དངུལ་རྩའི་ལས་རིགས་ཀྱི་བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་འགྲན་རྩོད་གསར་པ་འགའ་ཞིག་འཕྲད་ཡོད། རང་རྒྱལ་གྱི་བཙོག་དངུལ་གཙང་སྒྱུར་དང་འཇིགས་སྐུལ་མ་རྩ་མཉམ་འདྲེས་ཀྱི་ཉེན་ཁ་འགོག་ཟོན་ནུས་པ་ཆེ་རུ་གཏོང་ཆེད།《བྱ་ཐབས》བཟོས་ནས་བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་ལྟ་སྐུལ་དོ་དམ་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་སྟེ། བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད་ཅེས་གསུངས་ཡོད།
ཀྲུང་གོ་མི་དམངས་དངུལ་ཁང་གི་འབྲེལ་ཡོད་སེ་དང་ཅུད་ཀྱི་འགན་འཁུར་བས་ད་དུང་། དངུལ་གསོག་མཁན་གྱི་གསང་བ་སྲུང་རྒྱུ་ནི་《ཚོང་ལས་དངུལ་ཁང་གི་བཅའ་ཁྲིམས》ནང་གཏན་འབེབས་བྱས་པའི་གཞི་རྩའི་རྩ་དོན་ཞིག་ཡིན་པས། དངུལ་རྩའི་ལས་ཁུངས་ཀྱིས་ལས་སྒོ་གཉེར་བའི་བརྒྱུད་རིམ་ནང་སྒེར་གྱི་ཆ་འཕྲིན་དང་ཚོང་ཤག་གི་གསང་བ་ངེས་པར་དུ་ནན་པོ་སྲུང་དགོས།《དམངས་དོན་ཁྲིམས་གཞུང》དང་།《མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》སོགས་སྤྱིར་བཏང་རང་བཞིན་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་བརྩི་སྲུང་བྱེད་དགོས་པའི་ཁར། དངུལ་རྩའི་ལས་ཁུངས་ཀྱིས་ད་དུང་《ཚོང་ལས་དངུལ་ཁང་གི་བཅའ་ཁྲིམས》དང་《བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་བཅའ་ཁྲིམས》སོགས་དངུལ་རྩའི་ལྟ་སྐུལ་དོ་དམ་དང་བཅའ་ཁྲིམས་ཀྱི་བླང་བྱ་གཞིར་བཟུང་སྟེ་ནན་ཞིང་འཐུས་སྒོ་ཚང་བའི་མཁོ་མཁན་གྱི་ཆ་འཕྲིན་གསང་སྲུང་ལམ་ལུགས་འཛུགས་དགོས། མི་སྒེར་གྱི་ཆ་འཕྲིན་དང་། མཁོ་མཁན་གྱི་གསང་བ་ཕྱིར་བསྒྲགས་ཚེ། དངུལ་ཁང་དང་དེའི་ལས་དོན་མི་སྣས་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་པ་དང་། གནས་ཚུལ་ཚབས་ཆེན་པོ་ཡོད་ཚེ་ད་དུང་ཉེས་དོན་འགན་འཁྲི་འཁུར་དགོས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།