ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

དཔལ་འབར་འཁྱེར་མཁན་ཐད་ཨ་རིར་སྐྱོན་བརྗོད་བྱེད་དབང་མེད།

སྤེལ་དུས 2022-02-11 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
          ཚེས་9ཉིན་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ཨ་རི་ཕྱོགས་ཀྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་དཔལ་འབར་འཁྱེར་མཁན་དེ་ཞིན་ཅང་ཡུ་གུར་རིགས་ཀྱི་ལུས་རྩལ་པ་བདམས་ནས་བྱེད་དུ་བཅུག་པ་དེ་སླར་ཡང་འུད་སྒྲོག་བྱས་པར་དམིགས་ནས་བཤད་དོན། དེ་ནི་ཀྲུང་གོ་ཕྱོགས་ཀྱིས་རྒྱུན་གཏན་གྱི་བཀོད་སྒྲིག་བྱས་པ་ཞིག་ཡིན་པས་ཨ་རི་ཕྱོགས་ལ་མཐོ་བཤད་དམའ་བཤད་བྱེད་དབང་མེད།

          གསར་འགོད་པ་ཞིག་གིས་དྲིས་དོན། ཚེས་7ཉིན་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཕུའུ་ས་ཅིས་ཞིན་ཅང་ཡུ་གུར་རིགས་ཀྱི་ལུས་རྩལ་པས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གི་དཔལ་འབར་འཁྱེར་མཁན་གཙོ་བོའི་འགན་འཁུར་བར་དམིགས་ནས་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་བྱེད་ཐབས་དེ་བརྒྱུད་ནས་ཀྲུང་གོ་ཕྱོགས་ཀྱིས“འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བྱེད་པ”དང་དེ་བཞིན་ས་ཁུལ་ཁག་ཅིག་ལ“རིགས་རྒྱུད་རྩ་མེད་བཟོ་བའི”ཐད་ཀྱི་ཕྱི་ཕྱོགས་ཀྱི་དོ་སྣང་བྱེད་ཕྱོགས་བསྒྱུར་དུ་འཇུག་མི་རུང་། དེ་ནི་ཏག་ཏག་ཨ་རིས་ཕྱི་འབྲེལ་འཐུས་ཚབ་རུ་ཁག་མི་གཏོང་བའི་རྒྱུ་མཚན་ཡིན་ཟེར་བས། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་ལན་གང་ཞིག་འདེབས་རྩིས་ཡོད་དམ།

          ཀྲའོ་ལི་ཅན་གྱིས་བཤད་དོན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་འཁྱེར་མཁན་འདེམས་རྒྱུའི་སྐོར་ངས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཟིན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་སུས་དཔལ་འབར་འཁྱེར་མཁན་གཙོ་བོའི་འགན་འཁུར་བ་དེ་ནི་ཀྲུང་གོ་ཕྱོགས་ཀྱིས་རྒྱུན་གཏན་གྱི་བཀོད་སྒྲིག་བྱས་པ་ཞིག་ཡིན་པས་ཨ་རི་ཕྱོགས་ལ་མཐོ་བཤད་དམའ་བཤད་བྱེད་དབང་མེད།
          ཀྲའོ་ལི་ཅན་གྱིས་བསྟན་དོན། ཨ་རི་ཕྱོགས་ཀྱིས་ཟེར་བའི“རིགས་རྒྱུད་རྩ་མེད་བཟོ་བ”ཞེས་པ་དེ་དུས་རབས་ཀྱི་རྫུན་གཏམ་ཞིག་རེད། དེའི་ཐོག་ནས་ཨ་རི་ཕྱོགས་ཀྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཆབ་སྲིད་ཅན་དུ་འགྱུར་བ་དང་ཞིན་ཅང་དང་འབྲེལ་བ་ཡོད་པའི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོར་དམའ་འབེབས་གཏོང་འདོད་པའི་མ་རུངས་བསམ་ངན་དེ་དམར་རྗེན་དུ་མངོན་ཡོད་པ་དང་། ཨ་རི་ཕྱོགས་ཀྱི་བྱེད་སྟངས་དེ་མི་རྣམས་ཀྱི་བློ་ལ་མི་བབ་པས་མཐར་ཕམ་ཉེས་བྱུང་ནས་རང་ཉིད་གྲོགས་མེད་ཁེར་རྐྱང་དུ་ལུས་ངེས་རེད།
          ཀྲའོ་ལི་ཅན་གྱིས་ཨ་རིའི་ལོ་རྒྱུས་ཐོག་དབྱིན་ཏི་ཨན་མིར་རིགས་རྒྱུད་རྩ་མེད་བཏང་བ་མ་ཟད། དུས་ཡུན་རིང་པོའི་ནང་བརྒྱུད་རིམ་རང་བཞིན་གྱིས་རིགས་རྒྱུད་ཉུང་ཤས་ལ་མཐོང་ཆུང་བྱེད་པའི་གཅོང་ནད་ཀྱང་ཡོད། དབྱིན་ཏི་ཨན་གྱི་མི་འབོར་དུས་རབས་15པའི་དུས་མཇུག་ཁྲི་500ཡོད་པ་ནས་དུས་རབས་20པའི་དུས་འགོར་སླེབས་ཚེ་ཁྲི་25ལས་མེད་པར་ཕྱིན་ནས་1/20ཉུང་དུ་ཕྱིན་ཡོད།
          “རིགས་རྒྱུད་རྩ་མེད་གཏོང་བ་ཞེས་པ་དེ་གང་ཡིན་ནམ། ཨ་རིས་དབྱིན་ཏི་ཨན་མིར་ལག་བསྟར་བྱེད་པའི་སྲིད་ཇུས་ནི་རིགས་རྒྱུད་རྩ་མེད་གཏོང་བ་ངོ་མ་རེད”ཅེས་བཤད་པ་རེད། ཁོང་གིས་བསྟན་དོན། ཨ་རི་ཕྱོགས་ཀྱིས་ངེས་པར་དུ་བྱ་དགོས་རྒྱུ་ནི་རང་ཉིད་ཀྱིས་དབྱིན་ཏི་ཨན་མིར་རིགས་རྒྱུད་རྩ་མེད་དུ་བཏང་བའི་ལོ་རྒྱུས་ཀྱི་ནག་ཉེས་ལ་གཙང་རྩིས་ནན་ཏན་བྱས་ནས་བྱེད་ཐབས་ཏན་ཏིག་སྤྱད་ནས་དབྱིན་ཏི་ཨན་མི་དང་། ཧྥེ་གླིང་གི་རྒྱུད་པ་དང་ཡ་གླིང་གི་རྒྱུད་པ་སོགས་རིགས་རྒྱུད་ཉུང་ཤས་ལ་རིགས་རྒྱུད་མཐོང་ཆུང་བྱེད་པའི་སྣང་ཚུལ་ཉུང་དུ་གཏོང་དགོས་པ་དེ་ཡིན།
རྩོམ་སྒྲིག་པ། བདེ་སྒྲོན།