ཨ་ཁ་ཁ། མཚོ་ཤར་དུ་ར་བཟི་ནས་རླངས་འཁོར་བཏང་བས་མི4གྲོངས་ཤིང་མི2རྨས་འདུག
སྤེལ་དུས 2022-02-15
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
སྤྱི་ཟླ་2ཚེས་11ཉིན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་སྤྱི་ཚོགས་ལ་དོན་རྐྱེན་གྱི་བརྡ་ཁྱབ་ཅིག་བཏང་ཡོད་དེ། ཉིན་ཤས་གོང་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་དུ་འགྲིམ་འགྲུལ་དོན་རྐྱེན་ཅུང་ཚབས་ཆེན་པོ་ཞིག་ཐོན་ཞིང་། ཁ་ལོ་བ་ར་བཟི་རྗེས་རླངས་འཁོར་བཏང་བ་ནི་འགྲིམ་འགྲུལ་དོན་རྐྱེན་ཐོན་རྐྱེན་གཙོ་བོ་དེ་རེད་ཅེས་བརྗོད་ཡོད་པ་རེད།
ཟླ་2ཚེས་4ཉིན་གྱི་ཆུ་ཚོད་22དང་སྐར་མ་10ཙམ་ལ། ཁ་ལོ་བ་ཁྲེན་ཆེ་གེ་མོས་མཚོ་སྔོནBM00566ཨང་རྟགས་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་ཆུང་ཞིག་བཏང་ནས་ཞིང་ཆེན་གཞུང་ལམ་102དང་བར་ཐག་སྤྱི་ལེ་41དང་སྨི་200ཡོད་སར་(མཚོ་ཤར་གྲོང་ཁྱེར་དགོན་ལུང་རྫོང་ཏུང་ཀྲོང་ཤང་ཏ་ཀྲོང་གྲོང་ཚོའི་ཉེ་འགྲམ)སྔ་རྗེས་སུ་གཞུང་ལམ་གཡས་གཡོན་གྱི་ལམ་སྐྱོར་ལ་བརྡུངས་པས་རླངས་འཁོར་ནང་གི་མི་4རྐྱེན་ལམ་དུ་ཤོར་བ་དང་། མི་2ལ་རྨས་སྐྱོན་ཕོག་པ། རླངས་འཁོར་ལ་གྱོང་གུན་ཚབས་ཆེན་ཕོག་པ་བཅས་ཀྱི་འགྲིམ་འགྲུལ་དོན་རྐྱེན་ཅུང་ཆེན་པོ་ཞིག་ཐོན་ཡོད། ཐོག་མའི་བརྟག་དཔྱད་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ཁྲེན་ཆེ་གེ་མོ་ར་བཟི་ནས་རླངས་འཁོར་བཏང་བ་དེ་ནི་འགྲིམ་འགྲུལ་དོན་རྐྱེན་ཐོན་པའི་རྒྱུ་རྐྱེན་གཙོ་ཤོས་དེ་རེད། གཞན་ཡང་རླངས་འཁོར་དེའི་ནང་སྤྱིར་མི་5ལས་སྡོད་མི་ཆོག་ཀྱང་དོན་དངོས་ཐོག་མི་6(གཅིག་ལོ་7ལ་མ་སོན་པའི་བྱིས་པ་ཞིག་ཡིན)བསྡད་ཡོད་དེ། རླངས་འཁོར་དུ་སྡོད་ཆོག་པའི་མི་གྲངས་ལས་བརྒལ་བ་དང་། རླངས་འཁོར་ནང་གི་མི་ཚང་མས་བདེ་སྲུང་སྐྱོབ་ཐག་བཅིངས་མེད་པས་ཤི་རྨས་ཚབས་ཆེན་བྱུང་ཡོད་པ་རེད།
དཔྱིད་གསར་དུས་ཆེན་གྱི་གུང་གསེང་མཇུག་འགྲིལ་ཟིན་ནའང་། ཟླ་དང་པོའི་ཚེས་བཅོ་ལྔའི་དུས་ཆེན་སོགས་ཀྱི་སྐབས་སུ་གཉེན་ཉེར་འཚམས་འདྲི་དང་། གསོལ་སྟོན་དང་འདུ་ཚོགས། ཞིང་འབྲོག་ཁུལ་གྱི་འདུ་ཚོགས་ཆེ་གྲས་སོགས་འགྲོ་སྐྱོད་མང་བས་ཆང་རག་བཏུངས་རྗེས་རླངས་འཁོར་གཏོང་བ་དང་། ཁྲིམས་འགལ་གྱིས་ཟོག་འདྲེན་རླངས་འཁོར་ནང་སྡོད་པ་སོགས་ཀྱི་འགྲིམ་འགྲུལ་དོན་རྐྱེན་བཟོ་སྲིད་པའི་ཉེན་ཁ་སྔར་བཞིན་མང་པོ་གནས་ཡོད། ཞིང་ཆེན་དེ་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས། ཆང་རག་བཏུངས་རྗེས་རླངས་འཁོར་གཏོང་བ་དང་ར་བཟི་འཁོར་གཏོང་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ནས། ར་བཟི་འཁོར་གཏོང་གིས་ཆག་སྒོ་གཏན་ནས་མི་ཐོན་པ་བྱེད་དགོས་ཞེས་བསྟན་འདུག
མཚོ་སྔོན་འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ཆེའི་ཁ་ལོ་བར་དྲན་སྐུལ་ཞུས་རྒྱུར། ཆང་རག་བཏུངས་རྗེས་རླངས་འཁོར་གཏོང་བ་ནི་གནོད་འཚེ་ཆེ་བའི་བྱ་སྤྱོད་ཅིག་ཡིན་ལ་དེའི་མཇུག་འབྲས་ཚབས་ཤིན་ཏུ་ཆེ་བས། རང་གཞན་གཉིས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་ཁྱིམ་ཚང་གི་བདེ་སྐྱིད་ཆེད་ཁ་ལོ་བ་ཚོས་རང་འགུལ་ངང་རླངས་འཁོར་གཏོང་ན་ཆང་རག་མི་འཐུང་བ་དང་ཆང་རག་བཏུངས་རྗེས་རླངས་འཁོར་མི་གཏོང་བ་བྱས་ཏེ། རླངས་འཁོར་གྱི་ཁ་ལོ་བས་རང་འགུལ་ངང་བདེ་སྲུང་སྐྱོབ་ཐག་འཆིང་དགོས་པ་དང་། རླངས་འཁོར་གྱི་རྒྱབ་མདུན་གང་དུ་སྡོད་མཁན་སུ་ཡིན་རུང་ཚང་མས་བདེ་སྲུང་སྐྱོབ་ཐག་ཚད་ལྡན་ངང་འཆིང་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།