ལྷ་རྩེར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཞིག་རྩད་ཆོད་པ།
སྤེལ་དུས 2022-02-15
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
ཉེ་ཆར། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སྤྱི་བདེ་ཅུད་ཀྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས། བསྟུད་མར་ཉིན་བཅུ་ལྷག་ཙམ་འབད་འཐབ་དང་། རླངས་འཁོར་བཏང་ནས་སྤྱི་ལེ་7000ལྷག་ཙམ་བསྐྱོད་པ་བརྒྱུད། ལེགས་གྲུབ་ལྡན་པའི་ངང་བྲིན་ཚོང་ཁེ་རག་རིགས་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཞིག་མྱུལ་ཞིབ་རྩད་ཆོད་བྱུང་བ་དང་། གྱོད་འབྲེལ་དོགས་ཡོད་མི་སྣ་5འཛིན་བཟུང་བྱས་པ་མ་ཟད། ཁ་བསླུས་བརྒྱབ་པའི་མ་དངུལ་སྒོར་ཁྲི་6ལྷག་ཙམ་ཚུར་བླངས་པ་དང་། ཁ་བསླུས་བརྒྱབ་པའི་མ་དངུལ་སྒོར་30600བཀག་སྡོམ་བྱས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་དང་པོའི་ཚེས་21ཉིན་ལྷ་རྩེ་རྫོང་སྤྱི་བདེ་ཅུད་ཀྱི་མངའ་ཁོངས་གྲའུ་ཤང་གི་གྲོང་མི་བསོད་ཆེ་གེ་མོས་སྤྱི་བདེ་ཅུད་དུ་ཡོང་ནས་གྱོད་དོན་སྙན་སེང་ཞུས་ཡོད་པ་སྟེ། སྤྱི་ཟླ་དང་པོའི་ཚེས་19ཉིན་ཁོང་ལ་འཁྱུག་དབྱིངས་ནང་དངོས་པོ་འཚོང་བའི་གདན་ཞུའི་འཕྲིན་ཐུང་ཞིག་འབྱོར་བ་དང་། དེ་རྗེས་ཕ་རོལ་པོས་མཛུབ་སྟོན་བྱས་པ་ལྟར་མིང་དུ་“米家”ཟེར་བའི་APPམཉེན་ཆས་ཤིག་ཕབ་ལེན་བྱས་པ་མ་ཟད། མཉེན་ཆས་དེའི་ནང་དུ་བྲིན་ཚོང་ཁེ་རག་གི་ལས་འགན་བསྒྲུབས། དེའི་རྗེས་སུ་གཏོང་འཇོག་བྱས་པའི་མ་དངུལ་སྒོར་163552ལེན་མི་ཐུབ་པ་མ་ཟད་། མ་རྩ་ཕྱིར་ཡོང་མེད་པར་འགྱུར་ཡོད་པ་རེད། ཉེན་རྟོག་པས་སྙན་སེང་དང་ལེན་བྱས་རྗེས། གྱོད་གཞི་དེའི་གྱོད་འབྲེལ་རིན་ཐང་ཅུང་ཆེ་བས་རྫོང་དང་སྤྱི་བདེ་སྡེ་ཁག་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། གྱོད་དོན་གནས་ཚུལ་དབྱེ་ཞིབ་བཀོད་སྒྲིག་ཚོགས་འདུ་སྐོང་འཚོགས་བྱས་ཤིང་། མྱུལ་ཞིབ་ཁ་ཕྱོགས་དབྱེ་འབྱེད་གཏན་འབེབས་དང་མྱུལ་ཞིབ་ཁྱབ་ཁོངས་གཏན་འཁེལ་བྱས་པ་མ་ཟད། བླང་བྱ་ལྟར་ནུས་ཤུགས་ཡོད་སྒུས་གྱོད་དོན་མགྱོགས་མྱུར་རྩད་གཅོད་བྱས་ནས། ནུས་ཤུགས་གང་ཡོད་ཀྱིས་མང་ཚོགས་ཀྱི་གྱོང་གུན་ཟློག་ཐབས་བྱས་ཡོད།
གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཆ་འཕྲིན་འབོར་ཆེན་ལ་དབྱེ་ཞིབ་བརྡར་གཅོད་དང་ཁུངས་སྣེ་ལེགས་སྒྲིག་བྱས་རྗེས། གྱོད་གཞིའི་ཆ་འཕྲིན་རྒྱུན་དང་མ་དངུལ་རྒྱུན་སོགས་གནད་འགག་ཆ་འཕྲིན་ལ་གཞིགས་ནས་གྱོད་སྣེ་ལྟར་རྗེས་འདེད་བྱས་པ་དང་། རྗེས་སུ་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་བསླུ་རྒོལ་ལྟེ་གནས་དང་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱི་བསླུ་རྒོལ་ལྟེ་གནས་ཀྱི་རོགས་རམ་འོག གྱོད་གཞི་དེའི་ཁྲོད་ཀྱི་མ་དངུལ་རྒྱུན་གྱི་ཆ་འཕྲིན་རེ་རེ་བཞིན་མངོན་པར་བྱས་ཡོད། དེ་ལྟར་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ལྷོད་གཡེང་སྤུ་ཙམ་ཡང་མ་བྱས་པར་ཉིན་མཚན་དབྱེར་མེད་ལ་རྒྱུན་མཐུད་འབད་འཐབ་བྱས་ཏེ། སྔ་རྗེས་སུ་སི་ཁྲོན་དང་། ཧུའུ་པེ། ཧེ་ནན། ཧྲའན་ཞིའི། ཧྲན་ཏུང་བཅས་ཞིང་ཆེན་5དང་གྲོང་ཁྱེར་དང་རྫོང་8དུ་བསྐྱོད་དེ་གྱོད་གཞིའི་ཆ་འཕྲིན་ཞིབ་ཅིང་ཁུངས་འཕེར་དང་གྱོད་གཞིའི་ཁུངས་སྣེ་འཐུས་སྒོ་ཚང་དུ་བཏང་བ་དང་། ཁ་བསླུས་བརྒྱབ་པའི་མ་དངུལ་གྱི་འགྲོ་ཕྱོགས་དབྱེ་ཞིབ་ཡང་དག་པ་བྱས་པ་མ་ཟད། ཧྲན་ཏུང་ཞིང་ཆེན་ཝེ་ཧའེ་གྲོང་ཁྱེར་ཝུན་ཏེང་ཁུལ་དང་ཧྲན་ཏུང་ཞིང་ཆེན་རེས་ཀྲའོ་གྲོང་ཁྱེར་ཝུའུ་ལེན་རྫོང་། ཧུའུ་པེ་ཞིང་ཆེན་མཱ་ཁྲེང་གྲོང་ཁྱེར། ཧེ་ནན་ཞིང་ཆེན་ཀྲེན་ཀྲོའུ་གྲོང་ཁྱེར། ཧྲའན་ཞིའི་ཞིང་ཆེན་ཤིའི་ཨན་གྲོང་ཁྱེར་སོགས་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་མཉམ་ཤུགས་རོགས་རམ་འོག གྱོད་འབྲེལ་དོགས་ཡོད་ཉེས་ཅན་མི་5འཛིན་བཟུང་བྱས་ཡོད་པ་རེད།

འདྲི་ཞིབ་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་མི་5ཡིས་རང་ཉིད་ཀྱི་ཉེས་བསགས་བྱ་སྤྱོད་སྦ་གསང་མེད་པར་ཁས་ལེན་བྱས་ཡོད། མིག་སྔར་གྱོད་གཞི་དེའི་ཉེས་གསོག་དོགས་ཡོད་ཉེས་ཅན་མི་4ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱས་པ་དང་། མི་1ལ་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ཡོད། མིག་སྔར་གྱོད་གཞི་དེར་མུ་མཐུད་དུ་བརྟག་དཔྱད་ཞིབ་གཅོད་བྱེད་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།