ལྐོག་རྔན་སྒོར་དུང་ཕྱུར་1.57ལྷག་ལེན་མཁན་འདིར་ཁྲིམས་ཆད་བཅད་འདུག
སྤེལ་དུས 2022-02-18
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
སྤྱི་ལོ་2022ལོའི་ཟླ་2ཚེས་17ཉིན་གྱི་སྔ་དྲོར་ཧྲན་ཏུང་ཞིང་ཆེན་ཙེ་པོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ནང་སོག་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་མཱ་མིང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་ཡོངས་བསྒྲགས་ངང་བཅད་ཁྲ་བཏང་དོན། ལྐོག་རྔན་ལེན་མཁན་མཱ་མིང་ལ་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུ་དང་སྦྲགས་ཚེ་གང་གི་ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་བྱ་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ་དང་། བཀག་ཉར་དང་། སྒོ་རྒྱ་ཐེལ་གནོན། བསྡམས་བཅད་བཅས་བྱས་པའི་ལྐོག་རྔན་རྒྱུ་དངོས་དང་དེ་དག་ལས་སྐྱེད་འཕེལ་དངོས་རིགས་ཚང་མ་ཕྱིར་སློག་ཏུ་བཅུག་ནས་རྒྱལ་མཛོད་ལ་འབུལ་དགོས།

ཞིབ་གཅོད་བྱས་ནས་རྩད་ཆོད་མཐའ་གསལ་བྱུང་དོན། སྤྱི་ལོ་2000ལོ་ནས་སྤྱི་ལོ་2019ལོའི་བར། ཞུ་སྦྱོར་ཕྱི་མ་བ་མཱ་མིང་གིས་ཅི་ལིན་ཞིང་ཆེན་གྱི་སུང་ཡོན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ། ཅི་ལིན་ཞིང་ཆེན་ཚོང་དོན་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཐིང་ཀྲང་། ཅི་ལིན་ཞིང་ཆེན་ལིའོ་ཡོན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཅི་ལིན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཞིང་ཆེན་གྱི་འགོ་འཛིན་གཞོན་པ། སྤྱི་བདེ་ཐིང་གི་ཏང་ཨུའི་ཧྲུའུ་ཅི་དང་ཐིང་ཀྲང་། ནང་སོག་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་སྤྱི་བདེ་ཐིང་ཏང་ཨུའི་ཧྲུའུ་ཅི། ཐིང་ཀྲང་། ནང་སོག་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་ཁུར་རིང་གོ་གནས་ཐོག་གི་སྟབས་བདེ་དང་ཡང་ན་དེའི་འགན་དབང་དང་གནས་བབ་ལས་གྲུབ་པའི་སྟབས་བདེའི་ཆ་རྐྱེན་སྤྱད་དེ་མི་གཞན་ལ་ཁེ་ལས་གཉེར་སྐྱོང་དང་། གོ་གནས་ལེགས་སྒྲིག གྱོད་གཞི་ཐག་གཅོད་སོགས་ཐད་རོགས་རམ་བྱས་ཏེ། ཁྲིམས་འགལ་ངང་མི་གཞན་གྱི་མི་དམངས་ཤོག་སྒོར་དུང་ཕྱུར་1.5785དོད་ཀྱི་ལྐོག་རྔན་བླངས་ཡོད་པ་རེད།

ཙེ་པོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཞུ་སྦྱོར་ཕྱི་མ་མཱ་མིང་གི་བྱ་སྤྱོད་དེ་ལྐོག་རྔན་བླངས་པའི་བྱས་ཉེས་སུ་གྲུབ་པ་མ་ཟད། རྒྱུ་རྔན་ཟ་ལེན་བྱས་པའི་ཐེངས་གྲངས་མང་ཞིང་དུས་ཡུན་རིང་ལ། རྒྱུ་རྔན་ཟ་ལེན་བྱས་པའི་གྲངས་འབོར་ཧ་ཅང་ཆེ་བས། རྒྱལ་ཁབ་ལས་དོན་མི་སྣའི་གོ་གནས་ཀྱི་སྤྱོད་གཙང་རང་བཞིན་ལ་གནོད་འཚེ་ཚབས་ཆེན་དང་ཤུགས་རྐྱེན་ངན་པ་བཟོས་ཡོད་ལ། མཱ་མིང་གིས་གྱོད་སྒྲུབ་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་མེད་པའི་ལྐོག་རྔན་སྒོར་དུང་ཕྱུར་1.5071ལྷག་བླངས་པའི་དོན་དངོས་རང་འགུལ་ངང་གསལ་བཤད་དང་། ཉེས་པ་ངོས་ལེན་དང་འགྱོད་བཤགས། མི་གཞན་ལ་ཉེས་འདོན་བཅས་བྱས་ནས་བྱས་རྗེས་བཞག་ཅིང་། ལྐོག་རྔན་དུ་བླངས་པའི་དངུལ་དང་དངོས་རིགས་ཚང་མ་ཕྱིར་སློག་བྱས་ཡོད་པས། ཁྲིམས་ལྟར་ཆད་པ་ཡང་གཅོད་བྱེད་རུང་བའི་ངོས་འཛིན་བྱས་ཡོད། མདོར་ན་གོང་གསལ་བྱས་ཉེས་ཀྱི་དོན་དངོས་དང་། ངོ་བོ། ཉེས་ཚབས། སྤྱི་ཚོགས་ལ་གནོད་འཚེ་ཕོག་ཚད་བཅས་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་ནས་ཁྲིམས་རས་གོང་གསལ་དཔྱད་མཚམས་བཏང་བ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།