ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

རིག་དངོས་རྐུ་འཕྲོག་བྱེད་མཁན་3འཛིན་བཟུང་བྱས་འདུག

སྤེལ་དུས 2022-02-22 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
             ཉེ་ཆར། གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་རིག་དངོས་རྐུ་འཕྲོག་ཤོར་བའི་གྱོད་གཞི་ཞིག་རྩད་ཆོད་ཡོད་པ་དང་། ཉེས་བསགས་དོགས་ཡོད་ཉེས་ཅན་3འཛིན་བཟུང་བྱས་ཡོད་པར་མ་ཟད། རྐུ་འཕྲོག་བྱས་པའི་རིག་དངོས་ཚང་མ་འདེད་ལེན་ཐུབ་ཡོད་པས། ཏང་ཨུད་དང་སྲིད་གཞུང་གི་འདེང་འཇོག་གང་ལེགས་ཐོབ་ཡོད་ལ། མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་ཀྱང་བཟང་པོ་ཐོབ་ཡོད་པ་རེད།

             མི་རིང་བའི་གོང་། ཕུན་ཚོགས་གླིང་ཤང་ནང་ཁོངས་ཀྱི་ཐང་སྟོང་རྒྱལ་པོའི་ལྕགས་ཟམ་གྱི་ལྕགས་ཐག་རྐུ་འཕྲོག་ཤོར་ཡོད་པ་དང་། གནས་ཚུལ་ཐོན་རྗེས། ལྷ་རྩེ་རྫོང་ཨུད་ཀྱི་རྒྱུན་ཨུད། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་མི་འགྱུར་གྱིས་ཚད་མཐོའི་མཐོང་ཆེན་གནང་ནས། གྱོད་དོན་མྱུལ་ཞིབ་ཚོ་ཆུང་བཙུགས་ཏེ་མྱུལ་ཞིབ་བྱས་པ་རེད།
             རྐུ་འཕྲོག་ཤོར་བའི་དུས་ཚོད་ངེས་ཅན་མེད་པས། མྱུལ་ཞིབ་ལས་དོན་ལ་དཀའ་ངལ་ཆེན་པོ་བཟོས་ཡོད་རུང་། ཉེན་རྟོག་པ་ཚོས་དཀའ་ངལ་དེ་དག་ཁྱད་དུ་བསད་དེ། གྱོད་གཞི་ཐོན་ཁུལ་དང་དེའི་ཉེ་འགྲམ་གྱི་འགྲིམ་འགྲུལ་འགག་གནད་ཀྱི་ལྟ་འདོམས་བརྙན་ལམ་མང་པོར་དབྱེ་ཞིབ་བྱས་པར་མ་ཟད། ཚོ་ཆུང་གསུམ་ལ་དབྱེ་ནས་མྱུལ་ཞིབ་བྱས་པ་རེད།

             ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་ང་ཚོའི་ཚོ་ཆུང་གཅིག་གི་ཉེན་རྟོག་པས་གྱོད་གཞི་ཐོན་ཁུལ་དུ་རྟོག་བཤེར་ཐེངས་མང་བྱས་ནས། རྐུ་འཕྲོག་ཤོར་བའི་རིག་དངོས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་པ་དང་། ཚོ་ཆུང་གཞན་ཞིག་གི་ཉེན་རྟོག་པས་ལྟ་འདོམས་བརྙན་ལམ་བརྒྱུད་དེ་བརྟག་དཔྱད་བྱེད་པའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་ཁུངས་སྣེ་ཚུལ་བསྡུ་བྱས་པ་དང་། ད་དུང་ཚོ་ཆུང་གཞན་ཞིག་གི་ཉེན་རྟོག་པས་གནའ་རྫས་ཁྲོམ་རྭ་དང་གཙོ་གནད་མི་སྣར་ལེབ་བཤེར་བྱས་པ་ཡིན་ཞེས་གསུངས།

             ཟླ་2ཚེས་19ཉིན། ཆེད་དོན་ཚོ་ཆུང་གི་ཉེན་རྟོག་པས་སྐྱེ་ཁོངས་ངམ་རིང་ནས་ཡིན་པའི་འཇིགས་ཆེ་གེ་མོར་དོགས་པ་ཆེན་པོ་ཡོད་པ་ཤེས་པ་དང་། ཉེན་རྟོག་པས་འཇིགས་ཆེ་གེ་མོར་དམིགས་ནས་བརྟག་དཔྱད་གཏིང་ཟབ་བྱེད་སྐབས་སྐྱེ་ཁོངས་ངམ་རིང་ནས་ཡིན་པའི་འགྱུར་ཆེ་གེ་མོ་དང་། སྐྱེ་ཁོངས་ལྷ་རྩེ་ནས་ཡིན་པའི་པ་ཆེ་གེ་མོར་ཡང་དོགས་པ་ཆེན་པོ་ཡོད་པ་ཤེས་རྗེས། ཉེན་རྟོག་པས་འཕྲལ་དུ་དོགས་ཡོད་ཉེས་ཅན་དེ་གསུམ་པོའི་གནས་ཡུལ་རྩད་ཞིབ་བྱས་པ་རེད།
             ཟླ་2ཚེས་20ཉིན་གྱི་ཐོ་རེངས་ཆུ་ཚོད་གསུམ་པར། ཆེད་དོན་ཚོ་ཆུང་གི་ཉེན་རྟོག་པས་ངམ་རིང་རྫོང་ཆུ་འོག་ཤང་ནས་དོགས་ཡོད་ཉེས་ཅན་གསུམ་པོ་ཚང་མ་འཛིན་བཟུང་བྱས་ཡོད་པ་དང་། རྐུ་འཕྲོག་ཤོར་བའི་རིག་དངོས་ཀྱང་འདེད་ལེན་ཐུབ་པ་རེད། མིག་སྔར་གྱོད་གཞི་དེ་བརྟག་དཔྱད་བྱེད་བཞིན་ཡོད།

             ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས། རིག་དངོས་ནི་ལོ་རྒྱུས་ཀྱི་རྒྱུན་འཛིན་ཞིག་རེད། ཐང་སྟོང་རྒྱལ་པོའི་ལྕགས་ཟམ་ལ་མེས་པོའི་བློ་རིག་འདུས་ཡོད་ལ། ལོ་ངོ་སྟོང་གི་ལོ་རྒྱུས་ཀྱི་ཤེས་དཔལ་ཀྱང་འདུས་ཡོད་པས། དེ་ནི་རིན་ཐང་བྲལ་བ་ཞིག་རེད། དེར་བརྟེན། དེ་ཡང་ཁྲིམས་འགལ་བའི་རྔོན་དངོས་ལྟ་བུ་ཞིག་ཏུ་གྱུར་བ་དང་། གྱོད་གཞི་དེ་བདེ་བླག་ངང་རྩད་གཅོད་ཐུབ་པ་དེས་རིག་དངོས་ཉེས་བསགས་པར་རྡུང་རྡེག་ཚ་ནན་བཏང་ཡོད་ལ། རིག་དངོས་སྲུང་སྐྱོབ་བྱེད་པའི་ལྷ་རྩེའི་སྤྱི་བདེའི་ཆོད་སེམས་ཀྱང་མངོན་པར་བྱས་ཡོད་ཅེས་གསུངས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།